༉ པདྨ་དགའ་ཚལ་གྱི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ལོ་༢༠༡༥ ལུ་ འབྲུག་ཡུལ་ ཌེས་ཊི་ནི་ཟེར་མི་ སྒེར་སྡེ་ཅིག་གིས་ ཕྱི་མུང་རྒེད་འོག་དང་ ལྕོང་ཤིང་ གཡུ་རུང་ དེ་ལས་ མཁར་རྒེད་འོག་གི་ ཁྱིམ་གུང་༢༥༠ དེ་ཅིག་ལས་ དངུལ་ཀྲམ་༥༠༠ རེ་ བསྡུ་ལེན་འབད་དེ་ བྱོག་སོང་མི་ ལས་སྡེའི་ཇོ་བདག་ དོགས་པ་ཅན་དེ་ ད་ལྟོ་ འཚོལ་བའི་བསྒང་འདུག།
ལས་སྡེ་དེ་གིས་ ཁྱིམ་གུང་ཚུ་ལས་ ཏི་རུ་ལེན་འབག་མི་དེ་ཡང་ ལས་སྡེ་དེ་ལུ་ ཚོད་བསྲེ་གཏན་འཇགས་ཐོག་ལས་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཐོ་བཀོད་ཀྱི་འཐུས་སྦེ་ བསྡུ་ལེན་འབད་ཡོདཔ་ཨིན་པས།
ལས་སྡེ་ནང་ ལཱ་འབད་མི་ ཡེ་ཤེས་ལྷ་མོ་གིས་ སོ་ནམ་པ་ཚུ་ལས་ དངུལ་ཀྲམ་༡༢༧,༠༠༠ བསྡུ་ལེན་འབད་དེ་ ལས་སྡེའི་རྩིས་ཁྲ་ནང་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཐོ་བཀོད་འཐུས་ཀྱིས་མ་དོ་བར་ རྒེད་འོག་༤ གི་ སོ་ནམ་པ་ཚུ་གིས་ སྤྱིར་བཏང་གི་ གོང་ཚད་ཐོག་ལུ་ དངུལ་ཀྲམ་༢༣༡,༠༠༠ དེ་ཅིག་གནས་པའི་ ཚོད་བསྲེ་ཚུ་ ལས་སྡེ་ལུ་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
གནད་དོན་དེ་གི་ཐོག་ལུ་ ཡེ་ཤེས་ལྷ་མོ་གིས་ ལས་སྡེའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ར་གུ་པ་ཊི་ སུ་བི་རི་ལུ་ སྤྱི་ལོ་༢༠༡༦ གི་ཟླཝ་༣ པའི་ནང་ རྩོད་གཞི་བཙུགས་ནུག།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ར་གུ་པ་ཊི་ སུ་བི་རི་གིས་ ཡེ་ཤེ་ལྷ་མོ་ལུ་ དངུལ་ཀྲམ་༡༠,༠༠༠ བྱིན་ནུག་ཟེར་ཨིནམ་ད་ པདྨ་དགའ་ཚལ་གྱི་ཁྲིམས་འདུན་གྱིས་ ཁོ་ལུ་ ལྷག་ལུས་ཏི་རུ་ཚུ་ ཡེ་ཤེས་ལྷ་མོ་དང་ སོ་ནམ་པ་ཚུ་ལུ་ སྤྱི་ལོ་༢༠༡༦ ཟླ་༤ པའི་ཚེས་༢༦ ཟླ་༦ པའི་ཚེས་༡༤ ནང་འཁོད་ལུ་ བྱིན་དགོཔ་སྦེ་ སླབ་ཡོད་རུང་ བྱིན་མ་ཚུགས་པས་ཟེར་ཨིན་པས།
དེ་ལས་ ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༡ ལུ་ ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ འཛིན་བཟུང་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་བཞིན་དུ་ དོགས་ཅན་དེ་ དེ་ཚེ་ནུབ་མོར་ར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ནུག།
དེ་གི་ཤུལ་ལས་ ཁྲིམས་འདུན་གྱིས་ སོ་ནམ་པ་ཚུ་ལུ་ ལོག་ ཏི་རུ་སྤྲོད་དགོཔ་སྦེ་སླབ་སྟེ་ དོ་དམ་འོག་ལས་ བཏང་བའི་ཤུལ་ལས་ ཁོ་གིས་ ལོག་འོང་མ་བཏུབ་པས།
མ་གཞི་ ཁྲིམས་འདུན་ལུ་ རྩོད་གཞི་མ་བཙུགས་ཏེ་འབད་རུང་ ར་གུ་པ་ཊི་ སུ་བི་རི་གིས་ མོང་སྒར་ལུ་ཡང་ སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ དེ་བཟུམ་མའི་ བྱ་ངན་འབད་ཡོད་པའི་ ཉོགས་བཤད་ལྷོད་ཡོདཔ་ཨིན་པས།
ར་གུ་པ་ཊི་ སུ་བི་རི་གིས་ མོང་སྒར་ སྐྱེངས་མཁར་རྒེད་འོག་དང་ འགྱུར་མེད་ ཆ་གླིང་ བ་ལམ་ ཤི་རི་མུ་ཧཱུྂ་ དེ་ལས་ སྔ་ཚང་རྒེད་འོག་གི་ ཁྱིམ་གུང་༤༩༤ ལས་ ཚོད་བསྲེ་བགོ་བཀྲམ་འབད་ནིའི་འཐུས་ དངུལ་ཀྲམ་༥༠༠ བསྡུ་ལེན་འབད་བའི་ ཉོགས་བཤད་ཡང་ བཀོད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བསྡུ་ལེན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ མོང་སྒར་རྫོང་ཁག་གི་ རྒེད་འོག་ཚུ་ལས་ བསྡོམས་དངུལ་ཀྲམ་༣༦༧,༦༨༦ དེ་ཅིག་ མགུ་སྐོར་རྐྱབ་ཐོག་ལས་ འབག་ནུག་ཟེར་ཨིན་པས།
དེ་མ་ཚད་ སྤ་རོ་རྫོང་ཁག་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ དེ་བཟུམ་མའི་ བྱ་ངན་འབད་ཡོད་པའི་ ཉོགས་བཤད་ཚུ་ ལྷོད་ཡོདཔ་བཞིན་དུ་ རྫོང་ཁག་སོ་ནམ་ཡིག་ཚང་གིས་ སྙན་ཞུ་བསྡུ་ལེན་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཙན་ཏོག་རྒེད་འོག་དང་ ལམ་གོང་ དོཔ་ཤར་རི་ ཧཱུྂ་རལ་ ཝང་ལྕང་ ལུགས་གཉིས་ ཤར་པ་ རྡོ་སྒར་ དེ་ལས་ ནགས་རྒྱ་བརྩིས་ཏེ་ རྒེད་འོག་༨ ཀྱི་ སོ་ནམ་པ་༥༣༦ ལས་ ཚོད་བསྲེ་ཐོ་བཀོད་ཀྱི་འཐུས་སྦེ་ དངུལ་ཀྲམ་༢༦༨,༠༠༠ དེ་ཅིག་ བསྡུ་ལེན་འབད་ནུག་ཟེར་ཨིནམ་མ་ཚད་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་བཙོང་བའི་ རིན་དངུལ་ཚུ་ཡང་ མ་ཐོབ་པས་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ ལས་སྡེའི་སྐོར་ལས་ ཉོགས་བཤད་ལྷོད་མི་ལུ་བརྟེན་ ཐིམ་ཕུག་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ ཉོགས་བཤད་དེ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་གཅིག་ཁར་ ཉོགས་སེལ་འབད་ནིའི་ བསྐྱར་ཞིབ་འབད་ནུག།
ཀ་ཝང་དང་ སྨད་ཝང་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་བཀྲམ་སྤེལ་གྱི་ ཐོ་བཀོད་འཐུས་དང་ ཚོད་བསྲེ་བཙོང་བའི་ རིན་དངུལ་མ་ཐོབ་པའི་སྐོར་ལས་ ཐིམ་ཕུག་རྫོང་བདག་ ཚེ་དབང་རིག་འཛིན་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལུ་ ཡི་གུ་ཅིག་ ཕུལ་ཡོད་རུང་ སོ་ནམ་པ་ཚུ་ལས་ ལས་སྡེ་གིས་ ཏི་རུ་ག་དེམ་ཅིག་ འབག་ཡོདཔ་ཨིན་ན་ ཁ་གསལ་སྦེ་ བཀོད་དེ་མེདཔ་ཨིན་པས།
དེ་བཟུམ་སྦེ་ སྤུ་ན་རྫོང་ཁག་ སྟོད་སྦིས་ས་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ཡང་ ལས་སྡེ་དེ་གིས་ བྱ་ངན་འབད་ཡོད་པའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ལས་སྡེ་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་རུང་ ཕྱད་མ་ཚུགས་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།