འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ ལས་སྡེ་མཐུན་ཚོགས་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མིང་རྟགས་བཀོད་དེ་ ཡིག་ཆ་བརྗེ་སོར་འབད་བའི་བསྒང་།

སྒེར་སྡེ་གོང་འཕེལ་གཏང་ཐབས་ལུ་ ལས་སྡེ་ཚུ་གི་བར་ན་ ཆིངས་ཡིག་བཀོད་ཡོདཔ།

༉ ཁ་ཙ་ རྒྱལ་ཁབ་ནང་ སྒེར་སྡེ་གོང་འཕེལ་གཏང་ཐབས་ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ ལས་སྡེ་མཐུན་ཚོགས་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མིང་རྟགས་བཀོད་ཅི།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ གོ་བརྡའི་ཆིངས་ཡིག་བཀོད་མི་དེ་གིས་ ཚོགས་སྡེ་དེ་གི་ ཚོགས་ཆུང་བསྐྱར་འཛུགས་འབད་ནི་ལུ་ཡང་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ གཞུང་ལས་ རྒྱབ་སྐྱོར་ཡོད་རུང་ སྒེར་སྡེ་ཚུ་གི་ ལས་སྣ་ ཁ་གཏོར་ཡོད་ནི་དེ་གིས་ ཐོ་ཕོག་ཡོདཔ་ལས་ གཅིག་མཐུན་གྱི་སྒོ་ལས་ ལཱ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཚོགས་ཆུང་གི་ ཁྲི་འཛིན་འོགམ་བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ལས་སྡེ་མཐུན་ཚོགས་ཀྱིས་ སྒེར་སྡེའི་དཀའ་ངལ་རྐྱངམ་གཅིག་ གྲོས་བསྡུར་འབད་ནི་མེན་པར་ སྒེར་སྡེ་གོང་འཕེལ་ག་དེ་སྦེ་ གཏང་ནི་ཨིན་ན་ གྲོས་བསྡུར་འབད་ནི་དང་ ཚོང་འབྲེལ་གྱི་ གོ་སྐབས་ཡང་ བལྟ་འོང་ཟེར་ཨིན་པས།
མཐུན་ཚོགས་ག་ར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་འོག་ལུ་ མཉམ་འབྲེལ་ཐོག་ ལཱ་འབད་ནིའི་དོན་ལུ་ སྒེར་སྡེ་ལས་ བསམ་འཆར་ལེན་ནི་དང་ གདོང་ལེན་བྱུང་མི་ཚུ་ སེལ་ཐབས་འབད་འོང་ཟེར་ བཤདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ ཚོགས་སྡེ་དང་ མཐུན་ཚོགས་ཀྱི་བར་ན་ ཞལ་འཛོམས་ག་ཅི་ར་འཚོགས་རུང་ གློ་བུར་གྱི་ ཞལ་འཛོམས་མ་གཏོགས་ མཉམ་འབྲེལ་ཐོག་ལས་ འཚོགས་ནི་མེད་ཟེར་ཨིནམ་ད་ ད་ལས་ཕར་ གོ་བརྡའི་ཆིངས་ཡིག་ལུ་བརྟེན་ ལཱ་གཅིག་ཁར་ འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ བཤདཔ་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ སྒེར་སྡེ་གོང་འཕེལ་ནང་ རྒྱབ་སྐྱོར་འབད་མི་ ངོ་མ་ར་ ཚོགས་སྡེ་ཨིནམ་ལས་ སྒེར་སྡེའི་དཀའ་ངལ་ག་ཅི་ཨིན་ན་ ཁོང་གིས་ཤེས་ཟེར་ཨིནམ་ད་ ད་ཚུན་ གཞུང་གི་ཁ་ཐུག་ལས་ འཆར་གཞི་དང་ ལས་རིམ་ག་ཅི་ར་བརྩམས་རུང་ ཡོངས་གྲགས་ཡོད་པའི་ སྒེར་སྡེ་དག་པ་ཅིག་ནང་མ་གཏོགས་ སྒེར་སྡེ་གཞན་དང་ གྲོས་སྟོན་མ་འབད་བས་ཟེར་ བཤདཔ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་དྲུང་ཆེན་གྱིས་འབད་བ་ཅིན་ ཚོགས་སྡེའི་ཧོངས་ལས་ སྒེར་སྡེ་ལུ་ ཞབས་ཏོག་སྤྲོད་དེ་ཡོད་རུང་ ལས་སྡེ་མཐུན་ཚོགས་ཀྱི་ ཚོགས་ཆུང་ཅིག་མེད་མི་ལུ་བརྟེན་ སྒེར་སྡེ་དང་གཅིག་ཁར་ མཉམ་འབྲེལ་འབད་ཐབས་མིན་འདུག་ཟེར་ཨིན་པས།
ཆིངས་ཡིག་གུ་ མིང་རྟགས་དེ་ཡང་ ལས་སྡེ་མཐུན་ཚོགས་༡༠ གྱི་ ཁྲི་འཛིན་ཚུ་གིས་ བཀོད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *