ཕོ་སོ་རོང་སྤྱི་འོག་གི་གཡུས་ཚན།

སྒེར་ས་ཧམ་འཛུལ་ཐོག་ ལྕགས་སྐུད་རཝ་ བསྒོར་མི་དེ་ སྤོ་བཤུད་འབད་ནི།

༉ མོང་སྒར་རྒེད་འོག་ ཕོ་སོ་རོང་སྤྱི་འོག་ནང་ ཆུ་རྐ་སྲུང་སྐྱོབ་ཀྱི་དོན་ལས་ ཁེ་གྱོང་པ་ཚུ་དང་ གྲོས་བསྟུན་མེད་པར་ ལྕགས་སྐུད་རཝ་བསྒོར་མི་ཚུ་ སྤོ་བཤུད་འབད་ནི་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༦ ཟླ་༦ པའི་ནང་ རི་ད་ཟ་དང་ འཇམ་ཆོས་གླིང་ དེ་ལས་ བར་སྤང་གཡུས་ཚན་༣ གྱི་ མི་སེར་ཚུ་གི་ ཆུ་རྐ་ཉེན་སྐྱོབ་འབད་ཐབས་ལུ་ སའི་ཇོ་བདག་ཚུ་དང་ གྲོས་བསྟུན་མེད་པར་ ཐག་རང་བཅད་ཐོག་ ཁོང་གི་ས་མཚམས་དང་ ས་ཞིང་ཚུ་ནང་ ཧམ་འཛུལ་ཐོག་ ར་བ་རྐྱབ་ཡོད་པའི་སྐོར་ འཕྲལ་ཁམས་ཅིག་ཁར་ ཁྱིམ་གུང་༨ ཀྱི་ མི་སེར་ཚུ་གིས་ ཚོགས་པ་བགྲེསཔ་དང་ ནགས་ཚལ་འགོ་དཔོན་ཚུ་ལུ་ ཁ་ཉེས་བཀལ་མི་ལུ་བརྟེན་ཨིན་པས།

མོང་སྒར་རྒེད་འོག་གི་ རྒཔོ་བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ཁེ་རྒུད་མ་བཏུབ་མི་ མི་སེར་དང་ རི་ད་ཟ་ལས་ ཆུའི་ཚོགས་པ་ དེ་ལས་ ཚོགས་པ་བགྲེསཔ་དང་ ནགས་ཚལ་འགོ་དཔོན་ཚུ་འཛོམས་ཐོག་ ད་ལྟོ་ ལྕགས་སྐུད་ར་བ་བསྒོར་མི་དེ་ བཤུབ་ཞིནམ་ལས་ མི་ཊར་༥༠ ལྷགཔ་ཅིག་ ནང་ན་སྤོ་བཤུད་འབད་ནི་སྦེ་ གྲོས་ཐག་ཆོད་ཅི་ཟེར་ཨིན་པས།

སྐྱེས་ལོ་༤༠ ལང་མི་ སོ་ནམ་པ་ འཇིགས་མེད་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ རྒཔོ་གིས་གཙོས་པའི་ ནགས་ཚལ་འགོ་དཔོན་དང་ ཚོགས་པ་བགྲེསཔ་ ཚོགས་པ་གསརཔ་ དེ་ལས་ རི་ད་ཟ་གཡུས་ཚན་གྱི་ ཆུ་སྲུང་སྐྱོབ་སྡེ་ཚན་དང་ རཝ་བསྒོར་མི་ལུ་བརྟེན་ རང་དབང་ས་ཆ་ལུ་ ཐོ་ཕོག་མི་ མི་སེར་ཚུ་གི་བར་ན་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།

ཁེ་གྱོང་པ་སོ་ནམ་པ་ཚུ་གི་ ས་མཚམས་དང་ སྒེར་ས་ཧམ་འཛུལ་ཐོག་ ར་བ་བསྒོར་མི་ཚུ་བཤུབ་སྟེ་ ར་བ་རྙིངམ་གི་ ས་ཁོངས་བདའ་སྟེ་ ལྕགས་སྐུད་ར་བ་བསྒོར་ནིའི་དོན་ལུ་ མི་སེར་ཚུ་གིས་ ངོ་རྟགས་བཟུམ་ཅིག་སྦེ་ ཤིང་གུ་རྟགས་བཀལ་བཞག་སྟེ་ཡོད་ཟེར་ཨིན་པས།

བར་སྤང་གཡུས་ཚན་གྱི་དོན་ལུ་ ཆུ་རྐ་ཉེན་སྐྱོབ་འབདཝ་ད་ འཇིགས་མེད་ཆོས་སྒྲོན་གྱི་ ས་ཞིང་ཨེ་ཀར་༢ དེ་ཅིག་ ལྕགས་སྐུད་ར་བ་བསྒོར་མིའི་ནང་ ཚུད་ཡོདཔ་ལས་ ར་བ་བཤུབ་ཐབས་མེད་རུང་ རི་ད་ཟ་དང་ བར་སྤང་གཡུས་ཚན་གྱི་ མི་སེར་ཚུ་གིས་ ས་ཚབ་ལེན་ཐག་ཆོག་པའི་ ཉོགས་མེད་ཡི་གུ་ཚུ་ དེ་འཕྲོ་ལས་ བྱིན་ཡོདཔ་ཨིན་པས།

དེ་འབདཝ་ད་ ས་ཚབ་དེ་ ནམ་འཐོབ་ཚུགས་ག་ ད་ལྟོ་ སླབ་མི་ཤེས་པས་ཟེར་ འཇིགས་མེད་ཆོས་སྒྲོན་གྱིས་ སླབ་ཨིན་པས།

ཕོ་སོ་རོང་ལུ་ སྐམ་ཞིང་ཕྱེད་ཀ་ཅིག་ ལྕགས་ཀྱི་ར་བ་ནང་ ཚུད་ཡོད་མི་དེ་ རྒེད་འོག་བདག་སྐྱོང་གིས་ ས་ཚབ་སྤྲོད་ནི་ཟེར་ ངག་ཐོག་ལུ་སླབ་སྟེ་ ལོ་༢ ལང་རུང་ མ་ཐོབ་ལས་ ད་རེས་ ལྕགས་སྐུད་ར་བ་བཤིག་ནི་ཨིན་ཟེར་ གྲོས་ཐག་བཅད་མི་དེ་ ནམ་ལག་ལེན་འཐབ་འོང་ག་ མི་ཤེས་པས་ཟེར་ སའི་ཇོ་བདག་ བསོད་ནམས་བཟང་མོ་གིས་ སླབ་ཨིན་པས།

ཨ་ལོ་༣ གྱི་ཨ་པ་ སྐྱེས་ལོ་༢༨ ལང་མི་ ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལས་ཕར་ ནོར་ཚུ་ཡང་ ཚལ་མ་ནང་ གཏང་ཚུགས་ནི་དང་ ལུད་བཟོ་ནིའི་དོན་ལུ་ ཤིང་གི་འདབ་མ་ཚུ་ཡང་ བསྡུ་བསྒྱོམ་འབད་ཆོག་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ ཨིན་པས།

ཚོགས་པ་བགྲེསཔ་ བཀྲིས་རྡོ་རྗེ་དང་ ནགས་ཚལ་འགོ་དཔོན་ པདྨ་རིག་འཛིན་གྱིས་ མི་སེར་སྤྱིར་བཏང་དང་ གཞུང་གི་མཐའ་ དོན་ལུ་བལྟ་སྟེ་ ལྕགས་སྐུད་ར་བ་བསྒོར་ཐོག་ལས་ ཆུ་རྐ་ཉེན་སྐྱོབ་འབད་ཡི་ཟེར་ བཤདཔ་ཨིན་པས།

པདྨ་རིག་འཛིན་གྱིས་འབད་བ་ཅིན་ རྒེད་འོག་ཚོགས་འདུ་གིས་ གནང་བ་གྲོལ་བའི་ཤུལ་ ལྕགས་སྐུད་དང་ རྒྱལ་ཡོངས་ལས་མི་གླ་ཆ་སྤྲོད་དེ་ ཚོགས་པ་ལུ་ ལཱ་འགོ་འདྲེན་འཐབ་བཅུག་ཅི་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *