སྒེར་མི་ཚུ་གིས་ བྱེམ་བཙོང་ཆོག་མི་ལུ་ རང་བཞིན་ཐོན་སྐྱེད་ལས་འཛིན་ལས་ཉོགས་བཤད།

༉ སའི་ཇོ་བདག་ཚུ་གིས་ རང་སོའི་རང་དབང་ཅན་གྱི་ ས་ཆ་ནང་ལས་ བྱེམ་བཏོན་ཏེ་ ཚོང་འབྲེལ་འཐབ་ཆོགཔ་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡ ལས་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ ཁྲིམས་ཡིག་གསརཔ་ འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་བཅའ་ཡིག་དང་ སྒྲིག་གཞི་༢༠༡༧ ཅན་མ་ ལག་ལེན་འཐབ་ནི་ འགོ་བཙུགས་མི་དང་བསྟུན་ སྒེར་མི་ཚུ་ལུ་ གནང་བ་བྱིན་ཡོདཔ་ཨིན་པས།
སྒྲིག་གཞི་གསརཔ་དང་འཁྲིལཝ་ད་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ལས་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་གནང་བ་ལེན་པའི་ཤུལ་ལུ་ ཁྲམ་ཡོད་མི་ སྒེར་གྱི་ས་ཆ་ལས་ བྱེམ་བཏོན་ཏེ་ ཚོང་འབྲེལ་འཐབ་ཆོགཔ་ཨིན་པས།
བཀྲིས་གཡང་རྩེ་ལུ་ཡོད་མི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཐོན་སྐྱེད་འགན་འཛིན་པ་ མགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ སྒྲིག་གཞི་གིས་ སྒེར་མི་ཚུ་ལུ་ བྱེམ་ཚོང་འབྲེལ་འཐབ་བཅུག་མི་ལུ་བརྟེན་ སྤྱིར་བཏང་མི་མང་ལུ་ ཐོ་སྦོམ་ཕོག་འོང་ཟེར་ཨིན་པས།
མགོནམ་རྡོ་རྗེ་གིས་ གནད་དོན་དེ་གི་སྐོར་ལས་ བཀྲིས་གཡང་རྩེ་རྫོང་ཁག་ཚོགས་འདུ་ནང་ ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྒྲིག་གཞི་དེ་གི་ དགོངས་དོན་དེ་གིས་ རང་བཞིན་ཐོན་སྐྱེད་ཚུ་ གཞུང་དབང་ཨིན་པའི་སྐོར་ འཛིན་སྐྱོང་བཀའ་རྒྱ་གནང་མི་དེ་ ཆ་མེད་བཏང་ནུག་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྒེར་སའི་ཇོ་བདག་ཚུ་ལུ་ བྱེམ་ཚོང་འབྲེལ་འཐབ་བཅུག་པ་ཅིན་ བྱེམ་གྱི་གོང་ཚད་ ཤུགས་སྦེ་ར་ ཡར་འཛེགས་འོང་ཟེར་ཨིནམ་ད་ བྱེམ་ཕྱིར་བཏོན་འབད་ནི་དེ་ གཞུང་གི་བདག་དབང་ལུ་ བཟོ་ཞིནམ་ལས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ བྱེམ་གྱི་གོང་ཚད་ བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་འབད་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ ཟླ་༡༡ པའི་ཧེ་མ་ ཐིམ་ཕུག་ལུ་ སྒེར་མང་ཚུ་གིས་ བྱེམ་ཊཱག་རེ་ལུ་ དངུལ་ཀྲམ་༩,༠༠༠ ལས་༡༢,༠༠༠ ཀྱི་བར་ན་ སྤྲོད་དགོཔ་ཨིན་རུང་ ན་ཧིང་ སྤྱི་ཟླ་༡༢ པ་ཚུན་ཚོད་ ལས་འཛིན་གྱིས་ བྱེམ་ཊཱག་རེ་ལུ་ དངུལ་ཀྲམ་༤,༠༠༠ དང་༥,༠༠༠ གི་བར་ན་མ་གཏོགས་ མ་ལེན་ཟེར་ མགོནམ་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཐིམ་ཕུག་ལུ་ སྒྲིང་ཁྱིམ་ཅིག་རྐྱབ་ད་ བྱེམ་རྐྱངམ་གཅིག་ལུ་ར་ ཟད་འགྲོ་དངུལ་ཀྲམ་༩༠༠,༠༠༠ དེ་ཅིག་ གནསཔ་ཨིན་རུང་ ལས་འཛིན་གྱིས་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ གོང་ཚད་དངུལ་ཀྲམ་༣༠༠,༠༠༠ དེ་ཅིག་ལུ་ མར་ཕབ་འབད་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ ལས་འཛིན་གྱིས་ གཞོང་སྒར་ལུང་ཕྱོགས་ (ཤར་ཕྱོགས་རྫོང་ཁག་༦) ནང་ སྐྱེལ་འདྲེན་གྱི་ ཟད་འགྲོ་མ་བརྩིས་བར་ བྱེམ་ཊཱག་དོ་རེ་ལུ་ དངུལ་ཀྲམ་༡,༩༠༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
སྒྲིག་གཞི་གསརཔ་ལག་ལེན་འཐབ་ནི་ འགོ་བཙུགས་མི་ལུ་བརྟེན་ ལས་འཛིན་གྱིས་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་༢ ལས་ ལོ་བསྟར་བཞིན་དུ་ བྱེམ་ཊཱག་༣,༠༠༠ ལྷགཔ་རེ་ བསྡུ་བསྒྱོམ་འབད་ནི་གི་ དམིགས་གཏད་འབད་མི་ལུ་ཡང་ ཐོ་ཕོག་སྟེ་ཡོད་ཟེར་ མགོནམ་རྡོ་རྗེ་གིས་ བཤདཔ་ཨིན་པས།
གལ་སྲིད་ སྒེར་མི་ངོ་རྐྱང་ཚུ་ལུ་ ཁོང་རའི་ ས་ཆ་ནང་ལས་ བྱེམ་བཏོན་ཏེ་ བཙོང་བཅུག་པ་ཅིན་ ལས་འཛིན་གྱི་ ལོ་བསྟར་དམིགས་འཆར་དེ་ འགྲུབ་མི་ཚུགས་ནི་མས་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ ཡིག་ཚང་དེ་གིས་ རྫོང་ཁག་དེ་གཉིས་ལས་ བྱེམ་ཊཱག་དོ་༨༠༠ དེ་ཅིག་ལས་བརྒལ་ བསྡུ་བསྒྱོམ་མ་འབད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ནགས་ཚལ་གཙོ་འཛིན་འགོ་དཔོན་ དོན་གྲུབ་ཚེ་རིང་གིས་འབད་བ་ཅིན་ སྒྲིག་གཞི་གསརཔ་དེ་གིས་ གོང་ཚད་ཡར་སེང་མེན་པར་ བྱེམ་བཙོང་མི་ཚུ་གི་བར་ན་ དོ་འགྲན་བྱུང་སྟེ་ གོང་ཚད་མར་འབབ་འགྱོ་འོང་ཟེར་ཨིན་མས།
དོ་འགྲན་འབད་མི་ མངམ་ཡོད་པའི་བསྒང་ལས་ གོང་ཚད་ཚུ་ རང་བཞིན་གྱིས་ར་ མར་འབབ་འགྱོ་ནི་ཨིནམ་ལས་ གོང་ཚད་ཡར་འཛེགས་ནི་གི་ འོས་འབབ་མེད་ཟེར་ དོན་གྲུབ་ཚེ་རིང་གིས་ བཤདཔ་ཨིན་པས།
བཅའ་ཡིག་དང་ སྒྲིག་གཞི་ཚུ་ གཞུང་གིས་ ཆ་འཇོག་གྲུབ་གནང་མི་དང་བསྟུན་ ང་བཅས་ཀྱིས་ ལག་ལེན་འཐབ་དོ་ཡོདཔ་ལས་ སྒེར་མི་ཚུ་ལུ་ བྱ་སྒོ་དང་འཁྲིལ་ བྱེམ་བཙོང་བཅུག་མི་ལུ་ འཛོལ་བ་ཅིག་ མི་མཐོངམ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨིན་རུང་ སྒེར་མི་ཚུ་ལུ་ བྱེམ་རྒྱ་སྦོམ་སྦེ་ ཕྱིརབཏོན་ཐོག་ ཚོང་འབྲེལ་འཐབ་ཆོག་མི་ཆོག་སྐོར་ ལས་ཁུངས་ལས་ དོགས་སེལ་གྱི་དོན་ལུ་ སྒུག་སྟེ་ཡོད་ཟེར་ དོན་གྲུབ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *