༉ འབྲུག་རྒྱལ་ཁབ་ནང་ སྒེར་དངུལ་བསྐྱི་ལེན་དམ་འཛིན་འབད་ཐབས་ལུ་ ན་ཧིང་ལས་ རྒྱལ་ཁབ་ཀྱི་ དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འབྲུག་གི་སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༦ ཅན་མ་དེ་ ཆ་འཇོག་གྲུབ་སྟེ་ སྤྱི་ལོ་༢༠༡༧ ཟླ་༤ པའི་ཚེས་༡ ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ནུག།
བཅའ་ཡིག་དང་ སྒྲིག་གཞིའི་ དམིགས་ཡུལ་དེ་ཡང་ སྒེར་དངུལ་བསྐྱི་ལེན་དང་འབྲེལ་བའི་ ཚོང་ལཱ་ཚད་འཛིན་འབད་ནི་དང་ སྒེར་དངུལ་བསྐྱི་ལེན་གྱི་ ཚོང་ལཱ་ཚུ་ དངུལ་འབྲེལ་སྡེ་ཚན་གྱི་ ཁྱབ་འོག་ལུ་ཚུདཔ་སྦེ་བཟོ་ནི་ དེ་ལས་ དངུལ་འབྲེལ་ལམ་ལུགས་ལུ་ གནོད་ཉེན་གང་ཉུང་བཟོ་སྟེ་ དངུལ་འབྲེལ་སྲིད་བྱུས་དང་ འཛིན་སྐྱོང་ཚུ་ འཕེལ་རྒྱས་བཏང་སྟེ་ གནད་སྨིན་ཅན་བཟོ་ཐབས་ལུ་ཨིན་མས།
དམིགས་ཡུལ་གཞན་དེ་ དངུལ་འབྲེལ་གྱི་ རྩོད་གཞི་སྔོན་འགོག་འབད་ནི་དང་ དེ་ལུ་བརྟེན་ཏེ་ མི་སྡེ་དཔལ་འབྱོར་ལུ་འབྱུང་བའི་ གནོད་ཉེན་ཚུ་ སྔོན་འགོག་འབད་ཐབས་ལུ་ཨིན་མས།
འདི་འབདཝ་ལས་ སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་འཁྲིལཝ་ད་ སྒེར་དངུལ་བསྐྱི་ལེན་གྱི་ ཚོང་ལཱ་འཐབ་ནི་གི་ བློ་འདོད་ཡོད་མི་ཅིག་གིས་ འབྲེལ་ཡོད་དབང་འཛིན་ལས་ ཐོ་བཀོད་ལག་ཁྱེར་ལེན་པའི་ཤུལ་ལུ་ དམའ་ཤོས་དངུལ་ཀྲམ་༩༠,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༥༠༠,༠༠༠ བསྐྱི་བ་ལེན་མི་ ངོ་རྐྱང་ཅིག་ལུ་ བསྐྱི་བར་བྱིན་ཆོགཔ་བཞིན་དུ་ དངུལ་སྐྱེད་ཡང་ ལོ་རེ་ལུ་ བརྒྱ་ཆ་༡༥ ལས་ལྷག་སྟེ་ ལེན་མི་ཆོག་པས།
བཅའ་ཡིག་དེ་ བསྟར་སྤྱོད་འབད་དེ་ ཧ་ལམ་ ལོ་ལང་ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ ཆུ་ཁ་རྫོང་ཁག་ལས་ མི་ངོ་ཕུད་རྡོག་གཅིག་རྐྱངམ་གཅིག་གིས་ ཐོ་བཀོད་འབད་ཡོད་རུང་ དེ་ཡང་ ད་ལྟོ་ གཏན་འཁེལ་མ་འགྱོ་བར་ཡོདཔ་ཨིན་མས།
སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་ སྒྲིག་གཞི་བསྟར་སྤྱོད་འབད་ནི་ འགོ་བཙུགསཔ་ད་ ཁྲིམས་འདུན་ཚུ་ནང་ དངུལ་འབྲེལ་དང་འབྲེལ་བའི་ རྩོད་དོན་ཚུ་ མར་ཕབ་འགྱོ་ནི་གི་ རེ་བ་བསྐྱེད་མི་དེ་ཡང་ ལག་ཁྱེར་ཡོད་མི་ ཐོ་བཀོད་ཅན་གྱི་ མི་ངོ་ལུ་ བསྐྱིན་ཚབ་སྤྲོད་མ་བཏུབ་མི་དང་ སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་འཁྲིལ་ ངོས་ལེན་མ་འབད་བའི་ རྩོད་དོན་རྐྱངམ་གཅིག་ ཁྲིམས་འདུན་གྱིས་ ཐོ་འཛིན་འབད་དགོཔ་སྦེ་ བཟོ་ནི་དེ་གིས་ཨིན་མས།
འདི་འབདཝ་ད་ སྤྱི་ལོ་༢༠༡༧ ལུ་ འབྲུག་གི་དྲང་ཁྲིམས་སྡེའི་འོག་ལུ་ ཁྲིམས་འདུན་ཚུ་ནང་ ཞི་རྩོད་༤,༨༩༧ ཐོ་བཀོད་འབད་ཡོད་མི་ལས་ དངུལ་འབྲེལ་གྱི་ རྩོད་གཞི་༢,༩༣༦ ཨིན་མི་དེ་ མཐོ་ཤོས་ཅིག་ཨིནམ་མ་ཚད་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་རྐྱངམ་གཅིག་གིས་ར་ དངུལ་འབྲེལ་རྩོད་དོན་༥༤༡ གི་ གྲོས་ཆོད་གནང་མི་ལུ་ བལྟ་བ་ཅིན་ རྩོད་གཞི་མར་འབབ་མ་འགྱོཝ་བས།
མ་གཞི་ སྒེར་དངུལ་བསྐྱི་ལེན་གྱི་ རྩོད་གཞི་བསྡོམས་ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་རུང་ དངུལ་འབྲེལ་གྱི་ རྩོད་གཞི་མངམ་ ཐོན་མི་དེ་ སྒེར་དངུལ་བསྐྱི་ལེན་འབད་མི་ཚུ་གི་བར་ན་ བདེ་སྒྲིག་བཟོ་ཐོག་ལས་ ཚེས་གྲངས་ཚུ་ རྒྱབ་བཤུད་རྐྱབ་སྟེ་ སྤྱི་ལོ་༢༠༡༧ གྱི་ཧེ་མར་ ཏི་རུ་བསྐྱི་ཡོདཔ་སྦེ་ བཟོ་ཐོག་ལས་ ཁྲིམས་གཏུགས་འབད་བའི་ དོགས་པ་ཡོད་ཟེར་ ཁྲིམས་སྡེའི་འགོ་དཔོན་ལ་ལོ་གིས་ སླབ་ནི་འདུག།
ད་རེས་ནངས་པར་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་མི་རྐྱངམ་གཅིག་མེན་པར་ སྒེར་མི་ཚུ་ལས་ དངུལ་བསྐྱི་ལེན་འབད་མི་ ལེ་ཤ་ཡོད་མི་ཚུ་ བུ་ལོན་འོག་ལུ་ཚུད་དེ་ ལ་ལོ་ཅིག་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་མི་ལུ་བལྟ་བ་ཅིན་ རྒྱལ་ཁབ་ནང་ དངུལ་ཟོལ་གྱི་ དཀའ་ངལ་ཡོད་པའི་ བརྡ་མཚོན་སྟོནམ་མས།
དངུལ་ཁང་ལྟེ་བ་གིས་ སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་ སྒྲིག་གཞི་དེ་ གནད་སྨིན་ཅན་སྦེ་ བསྟར་སྤྱོད་འབད་དགོ་པ་ཅིན་ ཁྲིམས་ཀྱི་འདུན་སར་ལྷོད་མི་ དངུལ་འབྲེལ་གྱི་ རྩོད་གཞི་ཚུ་ སྤྱི་ལོ་༢༠༡༧ གྱི་ཧེ་མར་ བསྐྱི་ལེན་འབད་ཡོདཔ་ ངེས་བདེན་ཨིན་ན་ བརྟག་ཞིབ་འབད་དགོཔ་མ་ཚད་ དངུལ་ཟོལ་སྔོན་འགོག་འབད་ཐབས་ལུ་ འབྲུག་གི་དངུལ་ཟོལ་བཀག་སྡོམ་དང་ དྲག་ཐོག་དབང་བཙོང་གི་ མ་དངུལ་བཀག་ཐབས་ཀྱི་བཅའ་ཁྲིམས་༢༠༡༧ ཅན་མ་དེ་ དམ་དམ་སྦེ་ བསྟར་སྤྱོད་འབད་དགོཔ་འདུག།
Check Also
སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།
༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …