སྒེར་གྱི་ནད་བརྟག་ཁང་ཚུ་ལུ་ ནད་གཞི་ཨེཆ་ཨའེ་བི་ བརྟག་དཔྱད་འབད་ཆོག་པའི་ གནང་བ་བྱིན་ཡོདཔ།

༉ ད་ལས་ཕར་ ནད་གཞི་ཨེཆ་ཨའེ་བི་ བརྟག་དཔྱད་འབད་ནིའི་དོན་ལུ་ གདམ་ཁ་མངམ་ འཐོབ་ཚུགས་ནིའི་དོན་ལུ་ རྒྱལ་ཡོངས་ཨེཆ་ཨའེ་བི་/ཨེཌསི་ལྷན་ཚོགས་ཀྱིས་ སྒེར་གྱི་བརྟག་དཔྱད་ལས་སྡེ་ཚུ་ལུ་ཡང་ ནད་གཞི་ཨེཆ་ཨའེ་བི་བརྟག་དཔྱད་འབད་ཆོག་པའི་ གནང་བ་བྱིན་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ ལས་རིམ་སྤྱི་ཁྱབ་འགོ་དཔོན་ རྣམ་རྒྱལ་ཚེ་རིང་གིས་འབདབ་ཅིན་ དེ་བཟུམ་སྦེ་ སྒེར་གྱི་བརྟག་དཔྱད་ཁང་ཚུ་ལུ་ ནད་གཞི་ཨེཆ་ཨའེ་བི་བརྟག་དཔྱད་ཀྱི་ ཞབས་ཏོག་སྤྱོད་ཆོག་པའི་ གནང་བ་སྤྲོད་པའི་སྐབས་ ད་ལྟོ་གསོ་བའི་ མཐུན་རྐྱེན་ཐོག་ལས་ བརྟག་དཔྱད་འབད་མིའི་ཚབ་སྦེ་ མེན་ཟེར་ཨིན་པས།
སྒེར་གྱི་གསོ་བའི་བརྟག་དཔྱད་ཁང་ཚུ་ལུ་ ནད་གཞི་ཨེཆ་ཨའེ་བི་བརྟག་དཔྱད་ཀྱི་ ཞབས་ཏོག་སྤྲོད་ཆོག་པའི་ གནང་བ་བྱིན་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ ཞབས་ཏོག་གི་གདམ་ཁ་བཟུམ་ཅིག་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ སྒེར་གྱི་གསོ་བའི་བརྟག་དཔྱད་ཁང་ཚུ་གིས་ རྒྱལ་གཞུང་ནད་གཞི་བཀག་དམ་ལྟེ་བའི་ གནས་ཚད་དང་འཁྲིལ་ ནད་གཞི་ཡོད་མི་ མི་དེ་གི་སྐོར་ལས་ གསང་བའི་ཐོག་ལས་བཞག་ནི་ ལ་སོགས་པའི་ ལམ་ལུགས་ཚུ་ལུ་ གནས་དགོཔ་ཨིན་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་འབད་བ་ཅིན་ ཞབས་ཏོག་སྤྲོད་མི་ བརྟག་དཔྱད་ཁང་ཚུ་གིས་ ནདཔ་དེ་གི་སྐོར་ལས་ གསང་བ་སྦེ་བཞག་དགོཔ་མ་ཚད་ ཁོང་གིས་ བརྟག་དཔྱད་ཀྱི་སྙན་ཞུ་ཚུ་ ཟླ་རིམ་བཞིན་དུ་ ལྷན་ཁག་ནང་ སྙན་ཞུ་འབད་དགོཔ་སྦེ་ཨིན་པས།
རྒྱལ་ཁབ་ནང་ ཨེཆ་ཨའི་བི་བརྟག་དཔྱད་ཀྱི་ཞབས་ཏོག་དང་ གསོ་བའི་བརྡ་དོན་དང་ཞབས་ཏོག་ལྟེ་བ་ མང་རབས་ཅིག་ཡོད་དེ་འབད་རུང་ མི་ལ་ལོ་ཅིག་གིས་ ངོ་ཚ་ནི་དང་ ཁོང་གི་སྐོར་ལས་ ཤེས་འོང་ཟེར་མནོ་སྟེ་ རྒྱ་གར་གྱི་ཁྲོམ་ ཇའི་སྒང་ལ་སོགས་པ་ཚུ་ནང་ལས་ཕར བརྟག་དཔྱད་འབད་བར་ འགྱོ་མི་ཡོད་ཟེར་ གསོ་བའི་དྲུང་ཆེན་གྱིས་ བཤད་ཅི།
ཇའི་སྒང་ལུ་ བརྟག་དཔྱད་འབད་ཡོད་རུང་ བརྟག་དཔྱད་ཁང་ཚུ་གིས་ མི་གི་སྐོར་ལས་ སླབ་མ་བཏུབ་ནི་དེ་གིས་ ནད་གཞི་ཡོད་མི་ མི་དེ་གི་ ཁ་གསལ་ཚུ་ ཧ་གོ་མི་ཚུགས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ནད་གཞི་ཡོད་མི་ ནདཔ་དེ་གི་སྐོར་ལས་ ལྷན་ཁག་གིས་ཤེས་ཚུགས་པ་ཅིན་ ཁོང་ལུ་ནད་གཞི་ཡོད་པའི་སྐོར་ གསང་བ་སྦེ་བཞག་ཞིནམ་ལས་ ཁོང་ལུ་ དུས་མཐུན་གྱི་ སྨན་བཅོས་ཚུ་ བྱིན་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
གསོ་བའི་བརྡ་སྟོན་ཞབས་ཏོག་ལྟེ་བ་དེ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ ཀྲོང་གསར་ སྤུ་ན་ཁ་ ལོད་སྦིས་ས་ཚུ་ནང་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༤ པའི་ལས་ རྒྱལ་ཁབ་ནང་ སྒེར་གྱི་གསོ་བའི་བརྟག་དཔྱད་ལྟེ་བ་༡༢ ཡོདཔ་ད་ ཕུན་ཚོགས་གླིང་ལུ་༦ ཐིམ་ཕུག་དང་དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཚུ་ནང་༢ རེ་ཡོདཔ་ཨིན་པས།
སྒེར་གྱི་གསོ་བའི་བརྟག་དཔྱད་ལྟེ་བ་ཚུ་གིས་ ག་དེ་སྦེ་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་ན་དང་ བརྟག་དཔྱད་ཀྱི་སྤུས་ཚད་ ལ་སོགས་པ་ཚུ་ རྒྱལ་གཞུང་ནད་གཞི་བཀག་འཛིན་ལྟེ་བ་གིས་ ལྟ་རྟོག་འབད་འོང་ཟེར་ འབུ་ནད་ལས་རིམ་གྱི་ སྤྱི་ཁྱབ་འགོ་དཔོན་ རྣམ་རྒྱལ་ཚེ་རིང་གིས་ བཤད་ཅི།
འབྲུག་གསོ་བའི་འཕྲོད་བསྟེན་ཚོགས་སྡེ་གིས་ ཞབས་ཏོག་བྱིན་མི་ཚུ་གིས་ གནས་ཚད་དང་འཁྲིལ་མ་འཁྲིལ་ཚུ་ཡང་ ལྟ་རྟོག་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *