སྒང་ཟུར་སྨིན་རྗེ་འདེམས་ཁོངས་ཀྱི་ མི་སེར་ཚུ་ ཚོགས་པ་བཙག་འཐུ་འབད་ནི་ལུ་ གྲ་སྒྲིག་ཡོདཔ།

༉ སྤྱི་ལོ་༢༠༡༨ ཀྱི་ གཞུང་སྐྱོང་ཚོགས་པ་ གདམ་ཁ་རྐྱབ་ནིའི་དོན་ལུ་ ལྷུན་རྩེ་སྒང་ཟུར་སྨིན་རྗེ་འདེམས་ ཁོངས་ཀྱི་ མི་སེར་ཚུ་གིས་ མཐའ་བཅད་དེ་འདུག།
དེ་ཡང་ མི་སེར་ཚུ་གིས་ ཚོགས་པའི་ལྟ་བ་དང་ གཞི་རྩ་ གཙོ་འཛིན་ དེ་ལས་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ལུ་ གཞི་བཞག་སྟེ་ཨིན་པས།
སྒང་ཟུར་རྒེད་འོག་ སྔར་གཡུས་ཚན་ལས་ སྐྱེས་ལོ་༢༧ ལང་མི་སོ་ནམ་པ་ ཚེ་རིང་བསམ་གྲུབ་ཀྱིས་ སླབ་མིའི་ ནང་ ཐེངས་༣ པའི་ གཞུང་སྐྱོང་ཚོགས་པའི་དོན་ལུ་ འབྲེལ་གཏོགས་འབད་མི་ ཚོགས་པ་༤ ཐོན་མི་དེ་ མི་སེར་ ཚུ་གི་དོན་ལུ་ གོ་སྐབས་སྦོམ་ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མི་དང་འཁྲིལ་བ་ཅིན་ ཚོགས་པ་སོ་སོའི་གཞི་རྩ་དང་ ལྟ་བ་ ཚོགས་པའི་འདེམས་ངོ་ཚུ་གི་ ལྕོགས་གྲུབ་དང་ སེམས་པ་སེམས་བསྐྱེད་ དེ་ལས་ གཞུང་དང་མི་སེར་ལུ་ ཁྱད་རིག་ཅན་གྱི་ཐོག་ལས་ ཕྱག་ག་གིས་ཞུ་ཚུགས་ནི་ཨིན་ནའི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ལས་ གདམ་ཁ་རྐྱབ་ནི་ལུ་ མི་འཛོལ་ཟེར་ཨིན་པས།
བྱང་གཡུས་ཚན་ལས་ སྐྱེས་ལོ་༤༨ འབད་མི་ ཨམ་ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པའི་ངོ་ཚབ་ཡོད་པའི་ ལོ་རྒྱུས་ཡོད་རུང་ ངོ་མ་སྦེ་ འཕྱད་མ་ཚུགསཔ་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ འདེམས་ཁོངས་ངོ་ཚབ་ ཚུ་གི་བར་ན་ གྲོས་བསྡུར་འགོ་འདྲེན་འཐབ་མི་དེ་ དངོས་སུ་སྦེ་ བལྟ་བར་འོང་ཡི་ཟེར་ ཨིན་པས།
འདེམས་ངོ་སོ་སོའི་ སྐུལ་བསྒྲགས་དང་ ལྟ་བ་དང་ དམིགས་ཡུལ་ཚུ་ གཅིག་བ་གཅིག་དྲགཔ་སྦེ་ གྲོས་ བསྡུར་འབད་ཡོད་མི་དང་ ཚོགས་པའི་གཙོ་འཛིན་ཚུ་གིས་ གསལ་བཤད་ཚུ་འབད་མི་ལུ་བརྟེན་ གཞུང་སྐྱོང་ཚོགས་ པ་ གདམ་ཁ་རྐྱབ་ནི་ལུ་ འོས་འབབ་ཡོད་མེད་ ཤེས་ཏེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཡུལ་གཡུས་ཚན་ལས་ སྐྱེས་ལོ་༧༦ ལང་མི་ པདྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་གིས་ གསོལ་རས་སྦེ་གནང་མི་ དམངས་གཙོའི་རིང་ལུགས་དེ་ ཐེངས་༣ པ་བཙག་ འཐུའི་སྐབས་ མི་སེར་ཚུ་གི་ཡོན་ཏན་དང་ ཉམས་མྱོང་ཐེབས་ཐོབ་ཡོདཔ་ལས་ ཚོགས་པ་༤ ཡོད་རུང་ གདམ་ ཁ་རྐྱབ་མ་ཤེསཔ་ཅིག་ མ་མཐོང་ཟེར་ཨིན་པས།
མོ་གིས་སླབ་མི་དང་འཁྲིལ་བ་ཅིན་ དམངས་གཙོའི་གཞུང་ ཐེངས་༣ རེ་ བཙག་འཐུ་འབད་ནིའི་ དུས་ཚོད་རན་ཡོད་རུང་ གཡུས་ཚན་ཚུ་ནང་ མི་སེར་ལ་ལོ་ཅིག་ འཕྲལ་གྱི་བདེ་སྐྱིད་ལུ་ལྟ་སྟེ་ ལཱ་འབད་མི་ཡང་ འཐོན་སྲིད་ནི་མས་ཟེར་ ཨིན་པས།
ཁ་ཙ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ འགོ་འདྲེན་ཐོག་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ ནང་སྦེ་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་ཀྱི་ ཚོགས་པའི་ངོ་ཚབ་༤ གི་བར་ན་ གྲོས་བསྡུར་འབད་བའི་སྐབས་ ངོ་ ཚབ་རང་སོའི་ ཚོགས་པའི་ལྟ་བ་དང་ དམིགས་གཏད་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་ གསལ་ཞུ་ འབད་ཡི།
དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ངོ་ཚབ་ བསོད་ནམས་རྒྱ་མཚོ་དང་ འབྲུག་ཀུན་མཉམ་ཚོགས་པའི་ངོ་ཚབ་ ཀརྨ་སྦྱིན་པ་ འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ ཚེ་རིང་རྡོ་རྗེ་ དེ་ལས་ འབྲུག་མཉམ་རུབ་ཚོགས་པའི་ངོ་ཚབ་ ཀུན་དགའ་དཔལ་འབྱོར་༤ གི་བར་ན་ གྲོས་བསྡུར་ཚུ་འབད་ཡི།
ལྷུན་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་མི་ལས་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་ ཀུར་སྟོད་རྒེད་འོག་དང་ སྒང་ཟུར་སྨིན་རྗེ་ དེ་ལས་ མཁོ་མ་རྒེད་འོག་༤ ཚུདཔ་ཨིན་པའི་གནས་ཚུལ།

སྒང་ཟུར་རྒེད་འོག་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *