༉ སྐྱབས་ཆ་སྒང་ཁ་བསོད་ནམས་རྩེ་ལྷ་ཁང་ལུ་ སྦྱིན་བདག་མེད་པར་ ཤུལ་ལས་ ཡུན་གནས་ཀྱི་ གདོང་ལེན་འབྱུང་ནི་ཨིན་པའི་ སེམས་ལུ་ཚ་གྱང་ཡོད་མིའི་སྐོར་ལས་ ང་བཅས་མི་༣ གྱིས་ གནས་ཚུལ་བསྡུ་བཀོདཔ་ལུ་ བསམ་འཆར་བཀོད་ཡོད་མི་ གནད་དོན་ཚུ་ བདེན་ཁུངས་མེད་པའི་སྐོར་ལས་ སྒང་ཁ་ཚོགས་པའི་ཁྲི་འཛིན་ མགོན་པོ་ཚེ་རིང་གིས་ སྤྱི་ཟླ་༨ པའི་ཚེས་༢༨ ཀྱི་ ཀུན་གསལ་གསལ་ཤོག་ནང་ དོགས་སེལ་བཀོད་མི་ལུ་ ལན་བཟུམ་ཅིག་སྦེ་ ཞུ་ནི།
སྒང་ཁ་བསོད་ནམས་རྩེ་ལྷ་ཁང་ནང་ཡོད་པའི་ དགེ་འདུན་སློབ་གྲྭ་གི་ སློབ་སྟོན་པ་དེ་ ལྷབ་ཅུ་ང་ར་འབདཝ་ལས་ གནས་ཚུལ་བསྡུ་བཀོདཔ་འོང་སྟེ་ དྲི་བ་བཀོདཔ་ད་ འཕྲལ་ཕུགས་༢ ཀྱི་ བདེ་ཐབས་ལུ་དམིགས་ཏེ་ གསལ་ཞུ་དགོཔ་ཐོན་ཡོད་མི་དེ་ཡང་ ང་གིས་ སློབ་གྲྭ་དེ་ནང་ གྲྭ་ཤག་མེད་པའི་ དཀའ་ངལ་ལུ་བརྟེན་ ལྷ་ཁང་གི་ འོག་ཐོག་འདི་ དགེ་སློང་ཞལ་གྲངས་༡༨ ཀྱི་དོན་ལུ་ ཟ་ཁང་དང་ ཉལ་ཁང་སྦེ་ ལག་ལེན་འཐབ་སྟེ་ ཡོདཔ་མ་ཚད་ དཔེ་ཆ་ལྷབ་སའི་ སློབ་ཁང་དེ་ཡང་ འདི་ནང་ར་ ལག་ལེན་འཐབ་སྟེ་ཡོདཔ་ལས་ དགེ་སློང་དེ་ཚུ་ ཆོས་ཡོན་ཏན་སྦྱང་ནི་ལུ་ ཐོ་སྦོམ་ཕོག་སྟེ་ཡོད་ཟེར་ཞུ་ནི།
དེ་མ་ཚད་ ང་བཅས་སློབ་སྟོན་པ་ཚུ་གི་ སྡོད་ཁྱིམ་དེ་ཡང་ དགེ་ཕྲུག་ཚུ་གི་དོན་ལུ་ སློབ་ཁང་སྦེ་ ལག་ལེན་འཐབ་སྟེ་ཡོད་པའི་ཁར་ སློབ་གྲྭ་དེ་ནང་ ཐབ་ཚངཔ་མེད་མི་ལུ་བརྟེན་ སློབ་སྟོན་པ་ཚུ་གིས་ བསྐོར་རྒྱབ་ཐོག་ལས་ དགེ་སློང་ཚུ་གི་ བཞེས་སྒོ་འབད་དེ་ ད་ལྟོ་ཚུན་ཚོད་ འཛིན་སྐྱོང་དེ་སྦེ་འཐབ་སྟེ་ ཡོན་ཏན་ཚུ་ སྦྱང་བཅུག་དོ་ཟེར་ཞུ་ནི།
ང་བཅས་ཀྱིས་ གནས་ཚུལ་བསྡུ་བཀོདཔ་དེ་ ས་གནས་ཁར་ འོག་དགོཔ་སྦེ་ སླབ་སླབ་ཡང་མེདཔ་ལས་ ཁོ་ར་ས་གནས་ཁར་ འོང་ཞིནམ་ལས་ དྲི་བཀོད་འབད་བའི་སྐབས་ ཚ་གྱང་ལང་པའི་ གནད་ལུ་བརྟེན་ ཞུ་ཡོདཔ་མ་གཏོགས་ མེད་མི་དེ་ ཡོདཔ་སྦེ་དང་ ཡོད་མི་ལུ་མེད་ཟེར་ གཏམ་གྱི་ཚིག་ལུ་ སྒྲོ་བཏགས་ཏེ་ཞུ་ཡོདཔ་ རྩ་ལས་མེད་ཟེར་ཞུ་ནི།
དེ་གི་ནང་དོན་ཉིད་ལས་ སློབ་གྲྭའི་གནས་སྟངས་རྐྱངམ་གཅིག་གི་ བདེ་ཐབས་ལུ་དམིགས་ཏེ་ ཞུ་ཡོདཔ་མ་གཏོགས་ གཡུས་ཁའི་སྟབས་བདེཝ་མ་བདེཝ་སྐོར་ ག་ནི་ཡང་ ཞུ་སྟེ་མེདཔ་ལས་ སྒང་ཁ་ཚོགས་པའི་ ཁྲི་འཛིན་གྱིས་ གསར་ཤོག་ནང་ དེ་སྦེ་ ཞུ་དགོཔ་ཡང་ མ་མཐོང་ཟེར་ཞུ་ནི།
ཚོགས་པ་སྟག་གཟིག་དང་ སྤྱི་དཔོན་བགྲེསཔ་ ར་ཀ་༢ ཀྱིས་འབད་རུང་ སློབ་གྲྭ་དང་ ཡུལ་ལྗོངས་འདི་ནང་ བླམ་ཅིག་མེད་པའི་ དཀའ་ངལ་བྱུང་ཡོད་པའི་སྐོར་ ཞུ་ཡོདཔ་མ་གཏོགས་ གཡུས་ཁའི་མི་སེར་དང་ ཁྲི་འཛིན་ཁོ་རའི་ མིང་བཏོན་ཐོག་ལས་ བཀོད་དེ་མེད་ཟེར་ཞུ་ནི།
དགེ་ཕྲུག་ཚུ་ སྦྱོང་བརྩོན་འབད་བའི་སྐབས་ ཧེ་མ་ དད་ཅན་སྦྱིན་བདག་ལེ་ཤ་ཐོན་སྲོལ་ཡོད་རུང་ བར་སྐབས་ཅིག་ལས་ སྦྱིན་བདག་འཐོན་ནི་མེདཔ་ལས་ དགེ་སློང་ཚུ་གི་ འཚོ་བའི་གནས་སྟངས་ལས་འགོ་བཟུང་ ཡོན་ཏན་སྦྱང་བརྩོན་ཚུན་ དཀའ་སྡུག་ཕོག་སྟེ་ཡོད་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ དགེ་སློང་རེ་ལས་ དངུལ་ཀྲམ་༡༢,༠༠༠ རེ་ བསྡུ་ལེན་འབད་ཐོག་ལས་ ཡོ་བྱེད་དང་ མཐུན་རྐྱེན་གཞན་གྱི་རིགས་ཚུ་ འཛིན་སྐྱོང་འཐབ་དོ་ཟེར་ཞུ་ནི།
དེ་བཟུམ་སྦེ་ སློབ་སྟོན་པ་ཚུ་གི་ དངུལ་ཕོགས་ཚུ་ཡང་ དམངས་ཁ་ལས་ བསྡུ་ལེན་འབད་དོ་ཡོདཔ་ལས་ དཀའ་སྡུག་ཡོད་མི་ལུ་བརྟེན་ ཡུལ་ལྗོངས་གྱི་ མི་སེར་ཚུ་ལུ་ བདེ་ཐབས་དང་ དགེ་སློང་ཚུ་ལུ་ གདུལ་བྱ་མི་ཉམས་གོང་འཕེལ་གཏང་ནིའི་ ཐབས་ལམ་ལུ་ དམིགས་རིམ་བཟུང་སྟེ་ ཞུ་ཡོདཔ་མ་གཏོགས་ ཁྲི་འཛིན་གྱིས་ སློབ་སྟོན་པ་ལྷབ་ཅུ་དང་ ཚོགས་པ་སྟག་གཟིག་ དེ་ལས་ སྤྱི་དཔོན་བགྲེསཔ་ར་ཀ་ ང་བཅས་༣ གྱི་ མིང་བཙུགས་ཐོག་ལས་ དོགས་སེལ་འབད་དེ་ གསར་ཤོག་ནང་ བཀོད་དགོཔ་མ་མཐོང་ཟེར་ཞུ་ནི།
སྒང་ཁ་ཚོགས་པའི་ ཁྲི་འཛིན་གྱིས་ དེ་བཟུམ་མའི་ ཚ་གྱང་ལང་པ་ཅིན་ གཡུས་ཁའི་བླམ་ དགོངས་ཞུ་འབད་དེ་ ད་རེས་འབདཝ་ད་ ཟླཝ་༧ ལྷགཔ་ཅིག་ སོང་ཡོདཔ་ལས་ གཡུས་ཁའི་བདེ་ཐབས་ལུ་དམིགས་ཏེ་ འབྲེལ་ཡོད་ཡིག་ཚང་ཚུ་ལས་ རྒྱབ་སྐྱོར་ཐོག་ བླམ་གསར་བསྐོས་ཀྱི་ འགན་ཁུར་འབག་དགོཔ་མཞིན་དུ་ ཁྲི་འཛིན་གྱས་ གསར་ཤོག་ནང་ དོགས་སེལ་འབད་མི་དེ་ མི་བདེན་ཟེར་ཞུ་ནི།
ང་བཅས་༣ གྱིས་ མི་སེར་དང་ ལྷག་པར་དུ་ དགེ་སློང་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ ཞུ་མི་དེ་ཡང་ སློབ་གྲྭ་འདི་ནང་ དཀའ་ངལ་སྦོམ་ཡོདཔ་ལས་ མི་སེར་མང་ལུ་ གོ་རྟོགས་འབྱུང་ཐབས་ལུ་ཨིན་ཟེར་ ཞུ་ནི་ཨིན།
ལྷབ་ཅུ། ར་ཀ། སྟག་གཟིག།
ཤེལ་མ་སྒང་ཁ།
Check Also
འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།
༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …