སྒང་ཁ་བསོད་ནམས་རྩེ་ལྷ་ཁང་།

སྒང་ཁ་བསོད་ནམས་རྩེ་ལྷ་ཁང་ལུ་ སྦྱིན་བདག་འབད་མི་མེད་པར་ ཡུན་གནས་ཀྱི་གདོང་ལེན།

༉ ད་རེས་ནངས་པར་ ཆརཔ་ཆད་དེ་ ཉིམ་ཤར་མི་དང་བསྟུན་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་ཤེལ་མ་སྒང་ཁའི་ སྤྱི་འོག་ནང་ཡོད་མི་ སྒང་ཁ་བསོད་ནམས་རྩེ་ལྷ་ཁང་དེ་ ཐག་རིང་ས་ལས་ལྟཝ་ད་ འོད་ཆེམ་ཆེ་སྦེ་ མཐོངམ་ཨིན་པས།
དེ་ལས་ ལྷ་ཁང་གི་ སྦོ་ལོགས་ཁར་ལྷོདཔ་ད་ ལྷ་ཁང་གི་ ནང་ན་ལས་ དགེ་སློང་ཚུ་ དཔེ་ཆ་སྐྱོར་བའི་ ཆོས་སྒྲ་གོཝ་ཨིན་པས།
དགེ་སློང་ཚུ་ དཔེ་ཆ་ལྷབ་ཨིན་རུང་ སློབ་ཁང་ཚུལ་ལྡན་ཅིག་མེདཔ་ལས་ གདོང་ལེན་བྱུང་སྟེ་ཡོདཔ་ད་ ད་ལྟོ་ སློབ་ཁང་སྦེ་ ལག་ལེན་འཐབ་མི་ ཁང་ཆུང་དེ་ སྒང་ཁ་ལྷ་ཁང་དེ་ནང་ གཞི་བཙུགས་འབད་མི་ དགེ་འདུན་སློབ་གྲྭའི་ སློབ་དཔོན་གྱི་ སྡོད་གནས་ཁང་ཨིན་པས།
ཧེ་མ་འབད་བ་ཅིན་ དགེ་སློང་ཚུ་ ལྷ་ཁང་གི་ འོག་ཐོག་ལུ་ཡོད་མི་ ཁང་མིག་༡ དཔེ་ཆ་ལྷབ་ས་དང་ ཉལ་ས་ ལྟོ་ཟ་སའི་ ས་གོ་སྦེ་ ལག་ལེན་འཐབ་སྡོད་ནུག།
སློབ་དཔོན་གྱི་ སྡོད་གནས་ཁང་དེ་ སློབ་ཁང་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ གནས་སྐབས་ཅིག་ དཀའ་ངལ་སེལ་ཡོད་རུང་ སློབ་དཔོན་དང་ དགེ་སློང་ཚུ་ལུ་ གདོང་ལེན་གཞན་ལེ་ཤ་ བྱུང་ཡོད་མི་དེ་ཡང་ ལྷ་ཁང་དེ་ནང་ བླམ་མེད་པའི་ཁར་ དགེ་ཕྲུག་ཚུ་གི་ ཐབ་ཚང་དང་ ཐབ་ཚངཔ་མེདཔ་མ་ཚད་ ཧེ་མ་བཟུམ་སྦེ་ ལྷ་ཁང་གི་དོན་ལུ་ སྦྱིན་བདག་འབད་མི་དང་ ཡང་ཅིན་ ཞལ་འདེབས་བྱིན་མི་མེདཔ་ཨིན་པས།
སྒང་ཁ་གཡུས་ཚན་གྱི་ ཕྱག་ཕུལ་སའི་རྟེན་དང་ གནས་ཁང་བཟུམ་ཅིག་སྦེ་ ཆ་བཞག་མི་ བསོད་ནམས་རྩེ་ལྷ་ཁང་དེ་ བཟོ་བཀོད་དང་ གཟི་བརྗིད་ལས་འབད་རུང་ རྒྱལ་ཁབ་ཀྱི་ རྫོང་གཞིས་བཟུམ་ཅིག་སྦེ་ མཇལཝ་ཨིན་རུང་ དམངས་ཀྱི་ལྷ་ཁང་རྒྱུན་སྐྱོང་འཐབ་ནི་དང་ ད་ལས་ཕར་ ག་དེ་སྦེ་ ཡུན་བརྟན་གནས་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཅན་གྱི་ གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ ས་གནས་ཀྱི་ མི་སེར་དང་ དགེ་འདུན་སློབ་གྲྭའི་ སློབ་དཔོན་གྱིས་ བཤདཔ་ཨིན་པས།
སློབ་དཔོན་ལྷབ་ཅུ་གིས་ བཤད་མིའི་ནང་ ད་རེས་ནངས་པར་ ལྷ་ཁང་བདག་འཛིན་འཐབ་ནི་དང་ དགེ་འདུན་སློབ་ཕྲུག་ཚུ་གི་ འཚོ་སྐྱོང་བལྟ་ནི་གི་ འགན་ཁུར་དེ་ ཁོ་ལུ་ ཕོག་སྟེ་ཡོད་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ སྦྱིན་བདག་ཚུ་གིས་ རྒྱུ་དངུལ་གཉིས་ཆ་རའི་ཐོག་ལས་ ལྷན་ཐབས་འབད་ནི་ཡོད་རུང་ བར་སྐབས་ཅིག་ལས་ བཞག་མི་ལུ་བརྟེན་ ད་རེས་ ཡུན་བརྟན་ག་དེ་སྦེ་ གནས་ཚུགས་འོང་ག་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

སྒང་ཁ་བསོད་ནམས་རྩེ་ལྷ་ཁང་གི་ དགེ་ཕྲུགཔ་ཚུ་ དཔེ་ཆ་ལྷབ་པའི་བསྒང་།

སློབ་དཔོན་ལྷབ་ཅུ་གིས་འབད་བ་ཅིན་ ཁོ་གི་ ཁང་མིག་ཅིག་ དགེ་སློང་ཚུ་ དཔེ་ཆ་ལྷབ་བཅུག་དོ་ཡོདཔ་མ་ཚད་ ཁོ་ར་དང་ ཁོ་རའི་སློབ་དཔོན་མཉམ་རོགས་ཀྱིས་ སྐོར་རྒྱབ་ཐོག་ལས་ ཁོང་རའི་ཐབ་ཚང་ནང་ དགེ་ཕྲུག་ཚུ་ལུ་ བཞེས་སྒོ་འབད་བྱིན་དོ་ཟེར་ཨིན་པས།
དུས་རབས་༡༨ པའི་ནང་བཞེངས་མི་ མི་སྡེའི་ལྷ་ཁང་དེ་ སྤྱི་ལོ་༢༠༠༤ ལུ་ མེ་རྐྱེན་བྱུང་སྟེ་ ལྷ་ཁང་ཆ་ཤས་ཅིག་ འཚིགས་པའི་ཤུལ་ལུ་ ལོག་གསར་བཞེངས་འབད་དེ་ སྤྱི་ལོ་༢༠༠༨ ལས་ཚུར་ མི་སྡེ་གིས་ སྦྱིན་བདག་ཐོག་ལས་ སྔར་ག་ཨིནམ་སྦེ་ར་ ཞབས་ཏོག་ཞུ་ནུག།
སྐྱབས་ཆ་སྒང་ཁ་དེ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༤༥ དེ་ཅིག་གི་ས་གནས་ ཝ་ཚ་ལུ་ལྷོདཔ་ད་ གཞུང་ལམ་གྱི་ལྟག་ལས་ཡར་ གྱེན་འཛེགས་ཏེ་ འཁོར་ལམ་རྩུབ་དྲགས་ ཀི་ལོ་མི་ཊར་༥ དེ་ཅིག་གི་རྩིས་འགྱོཝ་ད་ སྒང་གཤོང་ཉམས་ཅན་ཅིག་ནང་ ཆགས་ཏེ་ཡོདཔ་མ་ཚད་ གཡུས་ཚན་དེ་ནང་གི་ མི་སེར་ཚུ་ སོ་ནམ་གྱི་ལཱ་གཙོ་བོ་ ཀེ་བ་ལུ་བརྟེན་ཏེ་ སྡོདཔ་ཨིན་པས།
སློབ་དཔོན་ལྷབ་ཅུ་དེ་ ལོ་༢ དང་ཕྱེད་དེ་ཅིག་གི་ཧེ་མར་ ལྷ་ཁང་དེ་ནང་ ལྷོད་པའི་སྐབས་ དགེ་སློང་༣ ལས་བརྒལ་མེད་རུང་ ད་རེས་ནངས་པར་ དགེ་སློང་ཞལ་གྲངས་༡༨ ལུ་ ཡར་སེང་སོང་ཡོདཔ་ལས་ འཚོ་སྐྱོང་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་མི་དེ་ཡང་ དགེ་འདུན་སློབ་ཕྲུག་སྡེ་ཚན་དང་པའི་ནང་ལས་ མང་ཤོས་ར་ སློབ་གྲྭ་གཞན་ཚུ་ནང་ ཡར་སོཔ་ལས་ མི་སྡེ་ལུ་ ཕན་ཐོགས་མི་འོང་ནི་མས་ཟེར་ སྦྱིན་བདག་འབད་ནི་དང་ ཞལ་འདེབས་འབད་ནི་ཚུ་ མཚམས་འཇོག་འབད་མི་ལུ་བརྟེན་ཨིན་པས།
འདི་འབདཝ་ལས་ ད་ལས་ཕར་ སྒང་ཁའི་ལོ་བསྟར་ཚེས་བཅུ་བརྩི་སྲུང་སྐབས་ལུ་ཡང་ མི་སྡེའི་ཁ་ཐུག་ལས་ ལྷན་ཐབས་ག་དེ་སྦེ་ འབད་འོང་ག་ཟེར་ སློབ་དཔོན་ལྷབ་ཅུ་དང་ དགེ་འདུན་སློབ་ཕྲུག་ཚུ་ལུ་ ཚ་གྱང་ལང་ནི་གི་ གཞི་གནད་ཅིག་ལུ་ཨིན་མས།
སྒང་ཁཔ་ཚུ་གིས་ དང་ཕུ་བཟུམ་སྦེ་ ལྷ་ཁང་ལུ་ ཞབས་ཏོག་དང་ ཞལ་འདེབས་ཚུ་ མཚམས་འཇོག་འབད་བ་ཅིན་ བསོད་ནམས་རྩེ་ལྷ་ཁང་དེ་ཡང་ ཉམས་སྐྱོན་འབྱུང་ནི་དང་ ས་གནས་ཀྱི་ ལམ་སྲོལ་ཡང་ ཉམས་ནི་གི་ ཉེན་ཁ་འདུག་ཟེར་ བཤདཔ་ཨིན་པས།
མི་ལོ་༤༡༧ གྱི་ཧེ་མར་ བླམ་གནས་རྙིང་པ་གིས་ གདན་ས་བཅགས་གནང་མི་ སྒང་ཁ་ལྷ་ཁང་གི་ ནང་རྟེན་གཙོ་བོ་ སྟོན་པ་མི་ཚད་ཅནམ་དང་ མགོནམོ་ཕྱག་དྲུགཔ་གཏེར་མ་དང་ ལུག་གི་རྭཝ་༤ འབད་མི་ལ་སོགས་པ་ཡོདཔ་ཨིན་པས།
ཨིན་རུང་ སྒང་ཁའི་མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ རང་ཟླ་༢ པའི་ནང་ ལོ་བསྟར་གྱི་འབུམ་སྡེ་ཚེས་བཅུ་ ཉིནམ་༤ གི་རིང་ རྩ་བོ་༤ གིས་ ཉིནམ་རེ་སྐོར་རྒྱབ་སྦེ་ བཟུང་སྲོལ་ཡོད་མི་དང་ རང་ཟླ་༩ པའི་ནང་ ལོ་བསྟར་གྱི་ ལྷ་ཆོད་ཟེར་ སྒང་ཁ་པའི་ ཕོ་སྐྱེས་སྐྱེས་ལོ་༡༧ ཡན་ཆད་དང་༦༠ མན་ཆད་འབད་མི་ཆ་མཉམ་ ས་གནས་ག་ཏེ་ཡོད་རུང་ ལྷ་མཆོད་ཀྱི་ དུས་སྟོན་ནང་ ཨིན་ཅི་མིན་ཅི་ ལྷོད་དགོཔ་ལས་ མ་ལྷོད་མི་ཚུ་ལུ་ ཉེས་ཆད་བཀལ་སྲོལ་ཡོདཔ་མི་ལུ་ བལྟ་བ་ཅིན་ ལམ་སྲོལ་དེ་ བདག་འཛིན་འཐབ་དོ་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ ཞུ་ནི་ཨིན།

རིག་འཛིན་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *