སྒང་ཁ་བསོད་ནམ་ས་རྩེ་ལྷ་ཁང་ལུ་ སྦྱིན་བདག་མེད་པར་ ཡུན་གནས་ཀྱི་ གདོང་ལེན་ལུ་དོགས་སེལ།

༉ སྤྱི་ལོ་༢༠༡༧ ཟླ་༨པའི་ཚེས་༢༦ གི་ ཀུན་གསལ་གྱི་ གནས་ཚུལ་ཐོན་རིམ་ནང་ སྐྱབས་ཆ་རྒེད་འོག་ སྒང་ཁ་བསོད་ནམས་རྩེ་ ལྷ་ཁང་གི་རྒྱབ་ཁུངས་སྐོར་ལས་ གནས་ཚུལ་གསལ་བཀོད་འབད་ཡོད་མི་དེ་ལུ་ དགའ་ཚོར་ཡོད་ཟེར་ ཞུ་ནི་དང་གཅིག་ཁར་ ལྷ་ཁང་གི་གནས་སྟངས་དང་ དཀའ་ངལ་གདོང་ལེན་སྐོར་ལས་ གཡུས་ཁའི་སློབ་གྲྭའི་སློབ་དཔོན་ ལྷབ་ཅུ་དང་ ར་ཀ་ སྟག་གཟིག་གསུམ་གྱིས་ བཀོད་ཡོད་པའི་ གནད་དོན་ཚུ་ བདེན་ཁུངས་མེད་པ་ལུ་བརྟེན་ དོགས་སེལ་ཞུ་ནི་དེ་ཡང་།
༡) གཡུས་ཁའི་མི་སེར་ དག་པ་ཅིག་དང་ སློབ་གྲྭའི་སློབ་དཔོན་གྱིས་ སྦྱིན་བདག་ཚུ་གིས་ ཧེ་མ་བཟུམ་སྦེ་ རྒྱུ་དངུལ་གྱི་ རྒྱབ་སྐྱོར་འབད་ནི་ཚུ་ བར་སྐབས་ཅིག་ལས་ བཞག་ད་པ་ལུ་བརྟེན་ ལྷ་ཁང་འདི་ ཡུན་བརྟན་ག་དེ་སྦེ་ གནས་ཚུགས་ག་ཟེར་བའི་ ཚ་གྱང་བཀོད་མི་དེ་ བདེན་ཁུངས་མེད་མི་དེ་ཡང་ ལྷ་ཁང་གི་ ཞབས་ཏོག་ཞུ་ནི་དང་ དགེ་སློང་ཚུ་གི་ རྒྱུན་སྐྱོང་ཚུ་ག་ར་ ང་བཅས་ར་ གཡུས་སྒོ་དང་ ཁྲོམ་ཁའི་མི་སྡེ་ཆ་མཉམ་གྱིས་ མཉམ་འབྲེལ་དང་ མཉམ་རུབ་ཐོག་ལས་ ག་དེ་དྲག་དྲག་ འབད་དེ་ར་ཡོདཔ་མ་ཚད་ བླམ་མེད་པའི་དཀའ་ངལ་དེ་ཡང་ བླམ་གནས་སོར་བཏང་དཔ་ལས་ ཚབ་མ་ཅིག་གི་ ཐབས་ལམ་བཏོན་པའི་བསྒང་ཡོདཔ་ལས་ དཀའ་ངལ་གྱི་ གནད་དོན་ར་མེན་ཟེར་ཞུ་ནི།
༢) ལྷ་ཁང་ལུ་ ཞལ་འདེབས་དང་ ཞབས་ཏོག་ཞུ་ནི་ཚུ་ མཚམས་འཇོག་འབད་མི་དེ་གིས་ ཉམས་སྐྱོན་དང་ ལམ་སྲོལ་ཚུ་ཡང་ ཉམས་ནི་གི་ ཉེན་ཁ་འདུག་ཟེར་མི་དེ་ ད་ལྟོ་ར་འབད་རུང་ ལྷ་ཁང་ནང་ ལོ་བསྟར་གྱི་ འབུམ་སྡེ་ཚེས་བཅུ་དང་ ལྷ་གསོལ་བརྩི་སྲུང་ཞུ་དགོཔ་ཚུ་ རྒྱུན་ཆད་མེད་པར་ ལྷག་དང་འབྱུ་རུ་སྦེ་ར་ འབད་བཞིན་པ་སྦེ་ཡོདཔ་ལས་ ག་ཅི་གི་ཐད་ལས་ཡང་ ཉམས་སྐྱོན་ཞུགས་ནི་གི་ ཚ་གྱང་ལང་དགོཔ་ར་མེད།
༣) ང་བཅས་སྒང་ཁའི་མི་སྡེ་ཚུ་ འཚོ་བ་སོ་ནམ་ལུ་ བརྟེན་མི་ཨིན་རུང་ གཡུས་སྒོ་ནང་ རོགས་གཞན་དང་ཕྱདཔ་ད་ དཀའ་ངལ་ཆེ་དྲགས་ཅིག་མེན་པའི་ཁར་ ལོ་ཐོག་ལུ་ གནོད་སྐྱོན་གྱི་ དཀའ་ངལ་བྱུང་པའི་ ནམ་དུས་ལུ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སྐྱིད་སྡུག་གི་ གསོལ་རས་སྦོམ་སྦེ་གནང་སྟེ་ཡོད་མི་ཚུ་ཡང་ ང་བཅས་ར་ གཡུས་སྒོའི་མི་སྡེ་ཚུ་ ཁ་རྗེ་བཟང་པའི་རྟགས་མཚན་ཨིནམ་མ་ཚད་ ལྷ་ཁང་གི་དོན་ལས་ འབད་དགོཔ་བཅའ་དགོཔ་ཚུ་ལུ་ མི་སྡེ་ཆ་མཉམ་གྱིས་ མཉམ་རུབ་འབད་དེ་ར་ཡོདཔ་ལས་ མི་སྡེ་ཕྱུགཔོ་ཨིན་རུང་ ལྷ་ཁང་གི་ གནས་སྟངས་སྐྱོ་དྲགས་ཟེར་ བཀོད་ཡོད་མི་དེ་ ང་བཅས་སྒང་ཁའི་ མི་སྡེ་ཚུ་ སེམས་ཕམ་གྱི་གནད་དོན་ སྦོམ་ཅིག་ཨིན་མས་ཟེར་ཞུ་ནི།
སྤྱིར་བཏང་ལུ་ ང་བཅས་སྒང་ཁ་ལྷ་ཁང་འདི་ སྒེར་གྱི་ལྷ་ཁང་ཅིག་ཨིན་པ་ལུ་བརྟེན་ དགེ་སློང་གི་ གྲྭ་ཤག་དང་ མཐུན་རྐྱེན་ཚུ་ལུ་ དཀའ་ངལ་དུམ་གྲ་རེ་ འབྱུང་ནི་འདི་ རང་བཞིན་ཨིན་རུང་ སློབ་གྲྭའི་གྲྭ་ཤག་ཚུ་ རྒྱ་སྐྱེད་འབད་ནི་གི་ འཆར་གཞི་ཡོདཔ་བཞིན་དུ་ ད་རེས་ནངས་པ་ ལཱ་གི་འབྲེལ་བ་འཐབ་པའི་བསྒང་ཡོད་ཟེར་ ཞུ་ནི་དང་གཅིག་ཁར་ གཡུས་སྒོའི་གནས་སྟངས་སྐོར་ལས་ གནས་ཚུལ་བསྡུ་བཀོད་ འབད་དགོཔ་ཚུ་ནང་ གཡུས་ཀྱི་གོ་ཤེས་ཉན་ཤེས་དང་ འབྲེལ་བ་ཡོད་མི་ཚུ་དང་ འབྲེལ་བ་འཐབ་སྟེ་འབད་བ་ཅིན་ གནད་དོན་ཁ་གསལ་སྦེ་ གསལ་བཀོད་འབད་ནི་ལུ་ དྭངས་གསལ་འོང་ནི་མས་ཟེར་ གོང་གི་གནད་དོན་ཐོག་ལུ་ སྒང་ཁ་ཚོགས་པའི་ ཁྲི་འཛིན་གྱི་ཁ་ཐུག་ལས་ དོགས་སེལ་ཞུཝ་ཨིན།
སྒང་ཁ་ཚོགས་པའི་ཁྲི་འཛིན།
ཆུ་ཁ་རྫོང་ཁག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *