ད་རེས་ནངས་པར་ ཨུ་མཛོ་རོང་ སྒང་མཁར་གཡུས་ཚན་ནང་ ཉི་དྲོད་གློག་ཐག་ར་བ་ ཀི་ལོ་མི་ཊར་༤.༧ བསྒོར་བའི་མཐོང་སྣང་།

སྒང་ཁ་གཡུས་ཚན་ནང་ ཉི་དྲོད་གློག་ཐག་ར་བ་གིས་ ཕན་ཐོགས་བྱུང་ཡོདཔ།

༉ བཀྲིས་སྒང་ ཨུ་མཛོ་རོང་རྒེད་འོག་ སྒང་ཁ་གཡུས་ཚན་གྱི་ མི་སེར་ཚུ་གིས་ ན་ཧིང་ཚུན་ ལོ་ཐོག་གི་ ཞིང་ཚུ་ནང་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་་ཐོག་ལས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ ཉེན་སྐྱོབ་འབད་ཐབས་ལུ་ ཞག་མ་ཉལ་བར་ ལོ་ཐོག་སྲུང་སྡོད་དགོཔ་བྱུང་ནུག།

དེ་བསྒང་ གནམ་ཉིན་ནུབ་མེད་པར་ སོ་ནམ་པ་ཚུ་གིས་ རང་སོའི་ལོ་ཐོག་ཚུ་ ལྟ་རྟོག་དང་ སྲུང་དགོཔ་བྱུང་ཡོདཔ་བཞིན་དུ་ སྒང་ཁ་གཡུས་ཚན་དེ་ཡང་ ནགས་ཚལ་སྦོམ་ཚུ་གིས་བསྐོར་སྟེ་ཡོད་པའི་ཁར་ སྒང་ཏོག་གུ་ ཆགས་ཏེ་ཡོདཔ་ལས་ རི་ཕག་དང་ བྱི་ཐུར་ དེ་ལས་ སྤྱ་ཚུ་གིས་ ལོ་ཐོག་ཚུ་ འཇམ་ཏོང་ཏོ་སྦེ་ གནོདཔ་བཀལ་དོ་ཡོདཔ་ཨིན་པས།

སོ་ནམ་པ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་རའི་ གནས་ཚང་ཨ་ལོ་ཆགས་མི་དེ་ མོ་ར་རྐྱངམ་གཅིག་ ཁྱིམ་ནང་བཞག་ཐོག་ལས་  ལོ་ཐོག་བསྲུང་ནི་ལུ་ གདོང་ལེན་སྦོམ་ བྱུངམ་མས་ཟེར་ཨིནམ་ད་ ལོ་ཐོག་སྲུང་བའི་སྐབས་ རི་དྭགས་སེམས་ཅན་གྱིས་ ཁོ་ལུ་ ཚར་ལེ་ཤ་ཅིག་ར་ གནོདཔ་བཀལ་ཡོདཔ་མ་ཚད་ གནོད་སྐྱོན་དུམ་གྲ་རེ་ བྱུང་ཡི་ཟེར་ སླབ་ཨིན་པས།

ལོ་བསྟར་སོ་ནམ་གྱི་གནས་སྡུད་༢༠༡༦ ཅན་མ་དང་འཁྲིལཝ་ད་ སྤྱིར་སྙོམས་ལུ་ བཀྲིས་སྒང་རྫོང་ཁག་གི་ སོ་ནམ་པ་ཚུ་ ཉིན་གྲངས་༦༥ དང་ ཞག་༦༤ དེ་ཅིག་ ལོ་ཐོག་ཚུ་ སྲུང་སྡོད་དགོཔ་ ཐོནམ་མས་ཟེར་ཨིན་པས།

ཨིན་རུང་ ད་རེས་ནངས་པར་ གཡུས་ཚན་དེ་ནང་ ཉི་དྲོད་ལུ་བརྟེན་པའི་ གློག་ཐག་ར་བ་ བསྒོར་མི་ལུ་བརྟེན་ སོ་ནམ་པ་ཚུ་གི་ འཚོ་བའི་གནས་སྟངས་དེ་ ཡར་དྲག་སོང་སྟེ་ཡོད་མི་དེ་ཡང་ ཀི་ལོ་མི་ཊར་༤.༧ འབད་མི་ གློག་ཐག་ར་བ་དེ་ དུས་ཅི་ ལོ་འགོ་བཙུགས་ཁམས་ཅིག་ཁར་ བསྒོར་མི་དེ་གིས་ ས་ཆ་ཨེ་ཀར་༣༦༥ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན་པས།

ད་རེས་ སོ་ནམ་པ་ཚུ་ ཧེ་མ་བཟུམ་སྦེ་ ལོ་ཐོག་ཚུ་ སྲུང་མི་དགོ་དོ་ཡོདཔ་ལས་ དོན་སྨིན་ཅན་གྱི་ ལཱ་གཞན་ཚུ་འབད་ཚུགས་ནི་མས་ཟེར་ སོ་ནམ་པ་ཅིག་གིས་ བཤདཔ་ཨིན་པས།

དུས་ཅི་ ཁྱིམ་གུང་རེ་གིས་ གེ་ཟ་ཀེ་ཇི་༣༠,༠༠༠ དང་ སྲནམ་ཅུམ་ ཀེ་ཇི་༡༠,༠༠༠ དེ་ལས་ བ་དམ་ཕད་ཙེ་༡༥ དེ་རེ་ ཐོན་སྐྱེད་འབད་ཚུགས་མི་དེ་ འདས་པའི་ལོ་༡༠ ནང་ མཐོ་ཤོས་ཅིག་ཨིན་ཟེར་ སྒང་ཁ་གཡུས་ཚན་གྱི་ཚོགས་པ་ བསོད་ནམས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།

ཚོགས་པ་གིས་འབད་བ་ཅིན་ གློག་ཐག་ར་བ་ མ་བསྒོར་བའི་ཧེ་མར་ སོ་ནམ་པ་ཚུ་གིས་ ལོ་ཐོག་བརྒྱ་ཆ་༩༠ དེ་ཅིག་ རི་དྭགས་སེམས་ཅན་ རི་ཕག་དང་ བྱི་ཐུར་ལས་ ཐོབ་ནི་མེདཔ་ད་ སོ་ནམ་པ་ཚུ་གིས་ ཉིན་ནུབ་མེད་པར་ ལྟ་རྟོག་འབད་རུང་ ལཱ་རྩ་འགེངས་འབད་ཡོད་པའི་ གྲུབ་འབྲས་ཐོབ་པར་ལཱ་ཁག་ བཏངམ་ཨིན་ཟེར་ཨིན་པས།

ཧེ་མ་ ཀེ་བའི་སོན་ ཀེ་ཇི་༡༠,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་བའི་སྐབས་ ཐོན་ཁུངས་ཀེ་ཇི་༣,༠༠༠ ལས་བརྒལ་ ཐོབ་ནི་མེད་རུང་ ད་རེས་ ཀེ་བ་ཀེ་ཇི་༡༣༠ འཛུགས་སྐྱོང་འབདཝ་ད་ ཀེ་ཇི་༣༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་པས་ཟེར་ཨིན་པས།

ཨིན་རུང་ ཀེ་བ་བཙུགས་སའི་ ས་གོ་མེདཔ་ལས་ སྒང་ཁའི་མི་ཚུ་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ད་ ད་རེས་ནངས་པར་ སོ་ནམ་པ་ཚུ་གིས་ རང་སོའི་ཀེ་བ་ཐོན་སྐྱེད་དེ་ཡང་ མོང་སྒར་ཡ་ལྡི་དང་ བཀང་ལུང་ དེ་ལས་ ཡོན་ཕུ་ལ་ཚུ་ནང་ བཙོང་དོ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ ཀེ་བ་བཙོང་པར་ ཀི་ལོ་མི་ཊར་༣༠ འབད་མི་ ཡོན་ཕུ་ལ་-མཁའ་གླིང་གི་གཞུང་ལམ་ནང་ འགྱོ་དོ་ཡོདཔ་ད་ གལ་སྲིད་ སྒང་ཁར་ གཡུས་ཚན་དེ་ མོང་སྒར་ཤེལ་རི་ཆུ་དང་ སྦྲེལ་མཐུད་འབད་ཚུགས་པ་ཅིན་ ཡ་ལྡི་ལུ་ ཀེ་བ་བཙོང་ཚུགས་ནི་མས་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *