༉ དགེ་ལེགས་ཕུག་ དྲུང་ཁག་ཁྲིམས་འདུན་གྱིས་ ཡུ་ཨེསི་གི་སྐྱོད་ཐམ་ རྫུས་བཟོ་འབད་བའི་ གནད་དོན་ལུ་བརྟེན་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༦ དང་ སྐྱེས་ལོ་༣༤ ལང་མི་ ཨམ་སྲུ་ཅིག་ལུ་ བཙོན་ཁྲིམས་ལོ་༢ བཀལ་ནུག།
དར་དཀར་ནང་ སྲིད་པ་ལས་ཨིན་མི་ ཀུན་དགའ་རྒྱལ་མཚན་གྱིས་ ཁོ་ར་ རྒྱ་གར་ནིའུ་ལྡི་ལི་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ མི་མང་མཐུན་འབྲེལ་འགོ་དཔོན་ཨིནམ་ལས་ ཡུ་ཨེསི་གི་སྐྱོད་ཐམ་ རྫུས་བཟོའི་ནང་ རྒྱབ་སྐྱོར་འབད་འོང་ཟེར་སླབ་སྟེ་ དགེ་ལེགས་ཕུག་དང་ གཞལམ་སྒང་ལས་ མི་༢༢ ལྷགཔ་ཅིག་ མགུ་སྐོར་རྐྱབ་ཡོདཔ་ལས་ རྫུས་བཟོ་དང་ མགུ་སྐོར་ཐོག་ མ་བྱིན་ལེན་པའི་གནད་དོན་ནང་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༦ བཀལ་ནུག།
བཀྲིས་སྒང་ཀླུ་མང་རྒེད་འོག་ མཁས་ཤིང་ལས་ཨིན་མི་ ཤེས་རབ་ཆོས་འཛོམས་ལུ་ ཀུན་དགའ་རྒྱལ་མཚན་གྱི་ ཉེས་ལས་ལུ་ སྡོང་ཟླ་དང་རྒྱུད་སྐུལ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ་བཞིན་དུ་ མོ་གིས་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༣ པའི་ནང་ ཤེས་རབ་ཆོས་འཛོམས་ ནིའུ་ལྡི་ལི་ལུ་ འཛམ་གླིང་སྤྱི་ཚོགས་གཞུང་ཚབ་ཡིག་ཚང་ནང་ ཡུ་ཨེསི་གི་སྐྱོད་ཐམ་བཟོ་བར་ འགྱོ་བའི་སྐབས་ ཀུན་དགའ་རྒྱལ་མཚན་དང་གཅིག་ཁར་ ཕྱད་ཡོདཔ་ཨིན་པས།
ཀུན་དགའ་རྒྱལ་མཚན་གྱིས་ ཁོ་ར་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་ནང་ མི་མང་མཐུན་འབྲེལ་འགོ་དཔོན་སྦེ་ ལཱ་འབད་དོ་ཟེར་སླབ་སྟེ་ མོ་ལུ་ སྐྱོད་ཐམ་གྱི་ དྲི་བ་དྲིས་ལན་དོན་ལུ་ འབྲི་ཤོག་ཕཱོམ་བཀང་ནིའི་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཤེས་རབ་ཆོས་འཛོམས་ཀྱི་ སྐྱོད་ཐམ་ཆ་མེད་སོང་བའི་ཤུལ་ལས་ མི་སྡེའི་བརྡ་བརྒྱུད་ ཝི་ཅེཌ་གི་ཐོག་ལས་ ཁོང་༢ འབྲེལ་བ་འཐབ་པའི་སྐབས་ ཁོ་གིས་ ནིའུ་ཡོག་ལུ་ འུཌ་ཨིས་ཊོག་གློག་བརྙན་དུས་སྟོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་མི་ཚུ་ དང་འདོད་ཡོད་པ་ཅིན་ མགྲོན་བརྡ་ཡི་གུ་ གྲ་སྒྲིག་འབད་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ ཤེས་རབ་ཆོས་འཛོམས་ཀྱིས་ མོ་རའི་རྨགཔ་དང་ ཕོ་རྒནམ་ ནུམོ་བརྩིས་ཏེ་ མི་༡༧ འཚོལ་ཞིནམ་ལས་ ཁོང་དང་གཅིག་ཁར་ གྲོས་བསྟུན་འབད་ནིའི་དོན་ལུ་ ཝི་ཅེཌ་ནང་ གློག་བརྙན་དུས་སྟོན་ཟེར་མི་ སྡེ་ཚན་ཅིག་ བཟོ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཀུན་དགའ་རྒྱལ་མཚན་ལུ་ མི་ངོ་རྫུས་བཟོའི་ཉེས་འཛུགས་༢ དང་ ཡིག་ཆ་རྫུས་བཟོའི་ཉེས་འཛུགས་༤ དེ་ལས་ མགུ་སྐོར་ཐོག་ལས་ མ་བྱིན་ལེན་པའི་ཉེས་འཛུགས་༥ ཡོད་རུང་ ཁྲིམས་འདུན་གྱིས་ མི་ངོ་རྫུས་བཟོ་དང་ ཡིག་ཆ་རྫུས་བཟོའི་ཉེས་འཛུགས་༢ མགུ་སྐོར་ཐོག་ མ་བྱིན་ལེན་པའི་ ཉེས་འཛུགས་༡ ཕྱིར་འབུད་གནང་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ མི་མང་མཐུན་འབྲེལ་འགོ་དཔོན་ཨིན་པའི་ མི་ངོ་རྫུས་བཟོ་འབད་བའི་ ཉེས་འཛུགས་ལུ་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་འབྱེད་གསལ་སྟོན་འབད་མ་ཚུགསཔ་ལས་ ཀུན་དགའ་རྒྱལ་མཚན་གྱིས་ མི་ངོ་རྫུས་བཟོ་འབད་བའི་ ཉེས་འཛུགས་དེ་ ཕྱིར་འབུད་གནང་ཡི་ཟེར་ཨིན་པས།
ཀུན་དགའ་རྒྱལ་མཚན་གྱིས་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་ནང་ ལཱ་འབད་དོ་ཡོདཔ་སྦེ་ སླབ་དེས་ཟེར་་ཨིན་རུང་ ཁོ་གིས་ ཁ་མ་བཟེདཔ་ད་ མ་གཞི་ མགུ་སྐོར་དང་ གཡོ་སྒྱུའི་ཆ་ཤས་ཅིག་ཡོད་རུང་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་ནང་ མི་མང་མཐུན་འབྲེལ་འགོ་དཔོན་ཨིན་ཟེར་ སླབ་མི་ལུ་ མི་ངོ་རྫུས་བཟོའི་གྲངས་སུ་ མི་ཚུད་ཟེར་ཨིན་པས།
ཀུན་དགའ་རྒྱལ་མཚན་གྱིས་ རྫུས་མའི་མགྲོན་བརྡ་ཡི་གུ་བཏང་ཡོད་རུང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་༢ ཁྲིམས་འདུན་གྱིས་ ཕྱིར་འབུད་གནང་ཡོད་མི་དེ་ཡང་ ཉེས་ལས་དེ་ ཁོ་གིས་ འཐབ་ཡོདཔ་ཨིན་ན་དང་ ཡང་ཅིན་ ནིའུ་ཡོག་ལུ་ཡོད་མི་ ཡེ་ཤེས་རྣམ་རྒྱལ་ཟེར་མི་དེ་གིས་ འབད་ཡོདཔ་ཨིན་ན་ བདེན་ཁུངས་བཀོད་མ་ཚུགས་མི་ལུ་བརྟེན་ཨིན་པས།
ཀུན་དགའ་རྒྱལ་མཚན་གྱིས་ ཆོས་སྒྲོན་དང་ བདེ་སྐྱིད་སྒྲོལ་མ་༢ ལུ་ ཡིག་ཆ་རྫུས་བཟོའི་ཐོག་ རྫུས་མའི་མགྲོན་བརྡ་ཡི་གུ་བཏང་མི་ལུ་བརྟེན་ ཁོ་ལུ་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༣ བཀལ་ཡོདཔ་ད་ ཁོ་གིས་ ཤེས་རབ་སྒྲོལ་མ་བརྒྱུད་དེ་ གཡོ་སྒྱུའི་ཐོག་ལས་ མི་༡༧ ལས་ དངུལ་ཀྲམ་༨༩༢,༥༠༠ འབག་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༤ བཀལ་ཡོདཔ་ཨིན་པས།
དེ་ལས་ འཆི་མེད་སྒྲོལ་མ་ལས་ དངུལ་ཀྲམ་༡༢༥,༠༠༠ འབག་མི་ལུ་ བཙོན་ཁྲིམས་ཟླཝ་༤ དང་ ཆོས་སྒྲོན་ལས་དངུལ་ཀྲམ་༡༡,༢༠༠ དང་ བདེ་སྐྱིད་སྒྲོལ་མ་ལས་ དངུལ་ཀྲམ་༤༡,༢༠༠ འབག་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༥ བཀལ་ཡོདཔ་ཨིན་པས།
ཀུན་དགའ་རྒྱལ་མཚན་གྱིས་ སྦྱིན་པ་རྒྱ་མཚོ་དང་ བསོད་ནམས་དབང་མོ་ལས་ དངུལ་ཀྲམ་༧༡,༠༠༠ འབག་མི་དེ་ ཕྱིར་འབུད་གནང་མི་དེ་ཡང་ ཁོང་ཟ་ཚང་༢ ཀྱིས་ ནིའུ་ཟི་ལེནཌི་གི་ སྐྱོད་ཐམ་གྱི་དོན་ལུ་ ཁོ་ལུ་ སླབ་མི་ལུ་བརྟེན་ཨིན་རུང་ ཁོ་གིས་ ཁོང་ཟ་ཚང་༢ ལུ་ དངུལ་ལོག་སྤྲོད་དགོཔ་ཨིན་པས།
འཁྲུན་ཆོད་ནང་ བཀོད་མིའི་ནང་ ཀུན་དགའ་རྒྱལ་མཚན་ལུ་ བཙོན་ཁྲིམས་བཀལ་མི་དེ་ ཁོ་གིས་ སྤྱི་ལོ་༢༠༡༣ དང་༢༠༡༥ ལུ་ ཨར་རྐུན་འབད་མི་ལུ་བརྟེན་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་བཀལ་ཡོད་པའི་ ཉེས་ལས་ཐོ་བཀོད་ཡོད་མི་དང་འཁྲིལ་ཨིན་པས།
ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་བའི་ཉིནམ་ལས་ ཟླཝ་༤ གི་ནང་འཁོད་ལུ་ ཀུན་དགའ་རྒྱལ་མཚན་གྱིས་ ཤེས་རབ་སྒྲོལ་མ་ལུ་ དངུལ་ཀྲམ་༨༩༢,༥༠༠ ཨྱོན་སྒྲོལ་མ་དང་ ར་ཀྲུ་ལུ་ དངུལ་ཀྲམ་༦༠,༠༠༠ འཆི་མེད་སྒྲོལ་མ་ལུ་ དངུལ་ཀྲམ་༡༢༥,༠༠༠ ཆོས་སྒྲོན་ལུ་ དངུལ་ཀྲམ་༡༡,༢༠༠ དང་ བདེ་སྐྱིད་སྒྲོལ་མ་ལུ་ དངུལ་ཀྲམ་༤༡,༠༠༠ ལོག་སྤྲོད་དགོཔ་ད་ ཁོ་གིས་ དངུལ་དེ་ཚུ་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ སྤྲོད་དགོཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཤེས་རབ་ཆོས་འཛོམས་ཀྱིས་ མི་ཚུ་ལུ་ ཡུ་ཨེསི་གི་སྐྱོད་ཐམ་ བཟོ་ནིའི་ནང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཀུན་དགའ་རྒྱལ་མཚན་ལུ་ བློ་གཏད་མི་ལུ་བརྟེན་ མི་༡༧ ལས་ དངུལ་ཀྲམ་ས་ཡ་༡ ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ་ལས་ ཀུན་དགའ་རྒྱལ་མཚན་ལུ་ མགུ་སྐོར་ཐོག་ མ་བྱིན་ལེན་པའི་ བཙོན་ཁྲིམས་ལོ་༤ བཀལ་མི་ལས་ མོ་ལུ་ཕྱེད་ཀ་ བཀལ་ཡོདཔ་ཨིན་པས།
མོ་གིས་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ མི་༡༧ ལས་ བསྡུ་ལེན་འབད་མི་ དངུལ་དེ་ཚུ་ ལོག་སྤྲོད་དགོ་ནི་ཨིནམ་ད་ སྐྱོད་ཐམ་བཟོ་ནིའི་དོན་ལུ་ དྲན་པ་བཏོན་ཐོག་ལས་ ལམ་ལུགས་དང་ ཁྲིམས་མཐུན་ལྟར་ འབད་དགོ་ཟེར་ འཁྲུན་ཆོད་ནང་ བཀོད་ཡོད་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།