བློ་བཟང་ཀུན་དགའ་གིས་ ལྗིད་ཚད་ཀེ་ཇི་༡༢༠ འབད་མི་ གྱིབ་འཁོར་ འཐུ་འབག་པའི་བསྒང་།

སྐྱེས་ལོ་༢༨ ལང་མི་ཕོ་སྐྱེས་འདི་ མོང་སྒར་རྫོང་ཁག་གི་ གཉའ་རྒོད་སྦེ་གདམ་འཐུ་འབད་ཡོདཔ།

༉ དུས་ཅི་ མོང་སྒར་རྫོང་ཁག་ལས་ སྐྱེས་ལོ་༢༨ ལང་མི་ བློ་བཟང་ཀུན་དགའ་གིས་ རྒྱལ་ཡོངས་གཉའ་རྒོད་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ མོང་སྒར་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ དོ་འགྲན་འབད་མི་ མི་གྲངས་༡༡ གི་གྲས་ལས་ བློ་བཟང་ཀུན་དགའ་གིས་ དུས་ཡུན་སྐར་མ་༡༣ དང་སྐར་ཆ་༤༡ གི་ནང་འཁོད་ལུ་ འགྲན་བསྡུར་མཇུག་བསྡུ་ནི་དེ་གིས་ཨིན་པས།
རྫོང་ཁག་ལས་ བཅའ་མར་གཏོགས་མི་༡༡ གིས་ མི་ཊར་༥༠ ནང་ ལྗིད་ཚད་ཀི་ཇི་༡༡༥ འབད་མི་ ཤིང་དུམ་འཐེན་ནི་དང་ འཐུ་འབག་ནི་ བཏོག་ནི་ ཀེ་ཇི་༡༡༠ འབད་མི་ བྱེམ་འཐུ་འབག་ནི་ དེ་ལས་ ཀེ་ཇི་༡༢༠ འབད་མི་ གྱིབ་འཁོར་འབག་ནི་ཚུ་ནང་ དོ་འགྲན་འབད་ཡི།
དོ་འགྲན་པ་༡༡ གི་གྲས་ལས་༣ གྱིས་ མཐར་འཁྱོལ་ཡོདཔ་ད་ དོ་འགྲན་པ་གཞན་ཚུ་གིས་ ཤིང་འཐེན་ཚུགས་རུང་ འཐུ་འབག་ནིའི་ནང་ མཐར་འཁྱོལ་མ་ཚུགས་པའི་ཁར་ མང་ཤོས་ཅིག་ བྱེམ་འཐུ་མ་ཚུགསཔ།
ཨང་དང་པ་ཐོན་མི་ བློ་བཟང་རྡོ་རྗེ་གིས་ དོ་འགྲན་པ་གཞན་ཚུ་བཟུམ་སྦེ་ བྱེམ་འཐུ་འབག་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ཡོདཔ་ཨིན་རུང་ ཕྱག་ལྟག་གུ་ བཀལ་བའི་ཤུལ་ལས་ འཇམ་ཏོང་ཏོ་སྦེ་ འབག་ཚུགས་ཅི།
དོ་འགྲན་འབད་མི་༧ གྱིས་ མཐར་འཁྱོལ་མ་ཚུགས་པའི་ཤུལ་ལས་ ལྟདམོ་བལྟ་མི་བརྒྱ་ལས་བཅད་མི་ཚུ་ཡང་ ཧ་ལམ་ཅིག་ལས་ རྒྱབ་སྐྱོར་འབད་ནི་བཞག་སྟེ་ རང་སོའི་ཁྱིམ་ནང་ སོང་ཡི།
ཨིན་རུང་ ཙ་ཀ་གླིང་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ དུས་ཡུན་སྐར་མ་༡༥ དང་སྐར་ཆ་༡༩ ལུ་ མཐར་འཁྱོལ་ཡོདཔ་ལས་ ལྟདམོ་ལྟ་མི་ཚུ་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ ད་རུང་ དོ་འགྲན་འབད་མི་༣ ལུ་ རྒྱབ་སྐྱོར་འབད་ནི་འགོ་བཙུགས་ཅི།
སི་ལམ་སྦིས་རྒེད་འོག་ལས་ སངས་རྒྱས་མཁའ་འགྲོ་གིས་ དུས་ཡུན་སྐར་མ་༣༢ ལུ་ ཨང་༣ པའི་ནང་ ཐོན་ཡོདཔ་ད་ ཁོ་གིས་ཡང་ བྱེམ་འཐུ་མ་ཚུགས་པར་ འགྲོས་ཀྱིས་སྦེ་ར་ མི་ཊར་༥༠ ནང་ བསྐྱལ་ཚུགས་ཅི།
བློ་བཟང་ཀུན་དགའ་གིས་ སླབ་མིའི་ནང་ དུས་ཅི་ རྫོང་ཁག་ནང་ལས་ རྒྱལ་ཁ་ཐོབ་སྟེ་ རྒྱལ་ཡོངས་གཉའ་རྒོད་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ ད་ལས་ཕར་ སྦྱང་བ་ཐེབས་སྦེ་ར་ འབད་ནི་ཨིན་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བྱེམ་འཐུ་འབག་ནི་དེ་ སྟབས་བདེ་ཏོག་ཏོ་མེད་རུང་ ཤིང་འཐེན་ནི་དང་ འཐུ་ནི་ བཏོག་ནི་ འཁོར་ལོ་འཐུ་འབག་ནི་ཚུ་ འབད་མ་ཚུགསཔ་ཅིག་ མིན་འདུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥ ལུ་ ཁོ་གིས་ རྫོང་ཁག་ནང་ལས་ ཨང་༢ པ་ཐོན་ཡི་ཟེར་ཨིན་པས།
རྒེད་འོག་༡༧ ལས་མི་༦ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཙ་ཀ་གླིང་རྒེད་འོག་ལས་ དོ་འགྲན་འབད་མི་༤ ཐོན་ཡོདཔ་བཞིན་དུ་ ཨང་དང་པ་ཐོན་མི་དེ་ ནོ་གཅུང་དང་ གཉིས་པ་དེ་ ཕོ་རྒནམ་གིས་ཐོན་ཡི།
རྒྱལ་པོ་ཞིང་ལུ་ཡོད་པའི་ རྒྱལ་ཚབ་ཡིག་ཚང་ལས་ གཟིམ་དཔོན་འོགམ་གིས་ ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༥,༠༠༠ དང་ གཉིས་པ་ལུ་ དངུལ་ཀྲམ་༡༠,༠༠༠ དེ་ལས་ ཨང་གསུམ་པ་ལུ་ དངུལ་ཀྲམ་༥,༠༠༠ བྱིན་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *