ཐུག་རྐྱེན་བྱུང་མི་  སྐྱེལ་འདྲེན་བཱསི།

སྐྱེལ་འདྲེན་བཱསི་གི་ ཐུག་རྐྱེན་ནང་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་དང་ གཞན་༢ ལུ་རྨ་སྐྱོན།

༉ སྤྱི་ཟླ་༧ པའི་ཚེས་༧ ལུ་ རྒྱ་གར་ཨ་སམ་གྱི་ས་གནས་ རང་གི་ཡ་ལུ་ འབྲུག་པའི་སྐྱེལ་འདྲེན་བཱསི་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་དང་ ཕོ་སྐྱེས་གཞན་༢ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ ཉིན་མའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ བྱུང་ནུག་ཟེར་ཨིནམ་ད་ ཤི་རྐྱེན་བྱུང་མི་ ཚེ་འདས་ཕོ་སྐྱེས་དེ་ དེད་གཡོག་ལས་རོགསཔ་ ཨིནམ་བཞིན་དུ་ བཱསི་དེ་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་ལུ་ འགྲུལ་སྐྱོད་འབད་བའི་བསྒང་ཨིན་པས།
ཚེ་འདས་ཕོ་སྐྱེས་དང་ རྨ་སྐྱོན་བྱུང་མི་ ཕོ་སྐྱེས་༢ ཆ་ར་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་ཡོདཔ་ལས་ རྒྱ་གར་གྱི་ ནདཔ་སྐྱེལ་ལེན་སྣུམ་འཁོར་ གྱིས་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ འབག་འོང་སྟེ་ ཀུ་མ་རི་ཀ་ཊ་ལུ་ལྷོདཔ་ད་ འབྲུག་པའི་ནདཔ་སྐྱེལ་ལེན་སྣུམ་འཁོར་དང་ ཕྱད་མི་ལུ་བརྟེན་ གུ་ཧ་ཊི་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༢༥ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བཏོན་ཡོདཔ་ལས་ གུ་ཧ་ཊི་སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ གྱོངས་ཡོདཔ་བཞིན་དུ་ ཕོ་སྐྱེས་གཞན་༢ ཌའུན་ཊའུན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ སྐྱེས་ལོ་༥༤ ལང་མི་ ཕོ་སྐྱེས་དེ་གི་ མགུ་ཏོ་གུ་ རྨ་སྐྱོན་དང་ རྐངམ་བཅགས་ཡོད་པའི་ དོགས་པ་ཡོདཔ་བཞིན་དུ་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་དེ་ཡང་ མགུ་ཏོ་གུ་ རྨ་སྐྱོན་བྱུང་ཡོདཔ་ལས་ སི་ཊི་ཨིསི་ཀེན་རྐྱབ་ནི་སྦེ་ སླབ་ཡོད་རུང་ ད་ལྟོ་ གྲུབ་འབྲས་ཀྱི་ སྙན་ཞུ་མ་ལྷོད་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ སྙན་ཞུ་ལྷོདཔ་ཅིག་ དེ་འཕྲོ་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ དེ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ སྐྱེལ་འདྲེན་བཱསི་ཅིག་ གྲ་སྒྲིག་འབད་ཐོག་ལས་ འགྲུལ་པ་གཞན་ཚུ་ལེན་པར་ སོང་ཡོདཔ་ཨིན་པས།
དེ་ལས་ འགྲུལ་པ་ཚུ་ བརྟག་དཔྱད་འབད་བར་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ འགྲུལ་པ་ལ་ལོ་ཅིག་ལུ་ རྨ་སྐྱོན་དུམ་གྲ་རེ་བྱུང་ཡོདཔ་ལས་ འགྲུལ་པ་༡༨ དེ་ཅིག་ སྨན་བཅོས་འབད་བའི་ཤུལ་ལུ་ ལོག་ཁྱིམ་ནང་ བཏང་ཡི་ཟེར་ཨིན་པས།
བཱིས་དེ་ནང་འོང་མི་ སྐྱེས་ལོ་༢༣ ལང་མི་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ མོ་ར་ གཉིད་ཐལ་སོ་རུང་ འབྲུག་པའི་བཱསི་གི་ གདོང་ཁར་ལས་འགྱོ་མི་ རྒྱ་གར་གྱི་ བཱསི་དེ་གིས་ ཧང་སྟོང་མར་ བཀག་བཏང་མི་ལུ་བརྟེན་ འབྲུག་པའི་བཱསི་གིས་ རྒྱབ་ཁར་བརྡུང་ཡོདཔ་སྦེ་ འགྲུལ་པ་གཞན་ཚུ་གིས་ སླབ་དེས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱ་གར་གྱི་ བཱསི་ནང་སྡོད་མི་ འགྲུལ་པ་༢ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ སླབ་ཡོད་རུང་ ཁོང་ཆ་ཁྱབ་ འབྲུག་མི་ཚུ་ལུ་ ཆ་རོགས་འབད་སྡོད་མི་ལུ་བརྟེན་ ཁོང་༢ ཀྱི་ གནས་སྟངས་ག་དེ་སྦེ་ ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་རྒྱུན་དུ་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ འབྲུག་མི་ཚུ་གིས་ དྲན་པ་བཏོན་ཐོག་ལས་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ཁྲིམས་ལུགས་དང་འཁྲིལ་ སྣུམ་འཁོར་གྱི་ ཤུགས་ཚད་ཕབ་དགོ་པའི་ གོ་བརྡ་སྤྲོད་དོ་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *