སྐྱེལ་འདྲེན་གྱི་ བསྐྱིན་འགྲུལ་ཚད་གཞི་ བརྒྱ་ཆ་༣༠ ལུ་མར་ཕབ་འབད་ཡོདཔ།

༉ ཧེ་མ་འབད་བ་ཅིན་ ཞི་གཡོགཔ་ཚུ་གིས་ སྣུམ་འཁོར་ནང་འདྲེན་འབད་ནིའི་དོན་ལུ་ དངུལ་ཁང་ནང་ལས་ སྣུམ་འཁོར་གྱི་བསྐྱིན་འགྲུལ་ རིན་གོང་ལས་ བརྒྱ་ཆ་༥༠ ཐོབ་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ བརྒྱ་ཆ་༣༠ མ་གཏོགས་ མི་འཐོབ་ནི་ཨིན་པས།
དེ་ཡང་ ད་རེས་ཁམས་འཚོགས་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ མདོ་ཆེན་བཀོད་ཚོགས་ཀྱི་ ཞལ་འཛོམས་༡༣༧ པ་ འཚོགས་པའི་སྐབས་ གྲོས་ཐག་བཅད་མི་དང་ འཁྲིལ་ཏེ་ཨིན་པས།
ལམ་ལུགས་གསརཔ་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡ ལས་འགོ་བཙུགས་ ལག་ལེན་འཐབ་ཡོདཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ དངུལ་འབྲེལ་ལས་ཁང་ཚུ་གི་ འགོ་འཛིན་ཚུ་ལུ་བཏང་མི་ ཡི་གུ་དང་འཁྲིལཝ་ད་ ད་ལས་ཕར་ སྣུམ་འཁོར་ག་ཅི་ར་ཉོ་རུང་ སྣུམ་འཁོར་དེ་གི་གོང་ཚད་ལས་ བརྒྱ་ཆ་༣༠ མ་གཏོགས་ བསྐྱིན་འགྲུལ་མི་འཐོབ་ནི་ཨིནམ་ད་ དངུལ་འབྲེལ་ལས་ཁང་རང་སོའི་ ལས་བྱེདཔ་ཚུ་ལུ་ཡང་ ལམ་ལུགས་དེ་ ཅོག་འཐདཔ་སྦེ་ར་ ལག་ལེན་འཐབ་དགོཔ་སྦེ་ བཀོད་དེ་འདུག།
དྲགོས་དཔལ་འབྱོར་གྱིས་ འགྲུལ་འཕྲིན་ཡིག་འཕྲིན་ཐོག་ལས་ བཀོད་མིའི་ནང་ འདས་པའི་ཟླ་ངོ་༡༢ ཀྱི་ནང་འཁོད་ལུ་ སྣུམ་འཁོར་༤,༠༠༠ དེ་ཅིག་ ནང་འདྲེན་འབད་ཡོདཔ་ད་ དེ་གི་དོན་ལུ་ རྒྱ་གར་གྱི་རུ་པི་ ས་ཡ་༢,༠༠༠ གནས་ནུག་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ སྒེར་གྱི་སྣུམ་འཁོར་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ བསྐྱིན་འགྲུལ་གྱི་ཞབས་ཏོག་ཚུ་ དམ་སུ་ཅིག་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།
དབང་འཛིན་གྱིས་ བསྐྱིན་འགྲུལ་གྱི་ཚད་གཞི་ མར་ཕབ་གཏང་དགོ་མི་དེ་ དེ་ལུ་བརྟེན་ཨིནམ་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ད་རེས་ རྒྱ་གར་རྒྱལ་ཁབ་ནང་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ལུ་བརྟེན་ རྒྱ་གར་ལས་ སྣུམ་འཁོར་ནང་འདྲེན་ འབད་བའི་སྐབས་ ཧེང་སྐལ་ར་ གོང་ཚད་མར་འབབ་འགྱོ་ནི་ཨིནམ་ལས་ སྣུམ་འཁོར་ནང་འདྲེན་གྱི་གྱངས་ཁ་ ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
དཔལ་འབྱོར་གྱི་ ཉེན་ཁ་དང་འཁྲིལ་ འཕྲལ་མགྱོགས་ར་ འདི་དང་བསྟུན་པའི་ སྲིད་བྱུས་ཀྱི་ཐབས་ལམ་ཚུ་ཡང་ ལག་ལེན་འཐབ་འོང་ཟེར་ དྲགོས་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
དེ་གིས་ ཐིམ་ཕུག་གི་ ས་ཁོངས་ཆུང་ཀུ་དེ་ནང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སེལ་ནི་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ མི་མང་སྐྱེལ་འདྲེན་གྱི་ཞབས་ཏོག་ གོང་འཕེལ་གཏང་ནི་དེ་ ན་འཐན་རན་ཡོདཔ་ལས་ གཞུང་གིས་ཡང་ དེ་ལུ་ དང་བླངས་ཐོག་ ཕྱག་ལཱ་མཛད་པའི་ རེ་བ་ཡོད་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ དབང་འཛིན་གྱིས་ འདི་བཟུམ་མའི་ ཐབས་ལམ་བཏོན་མི་དེ་ དུས་མཐུན་ཨིན་མས་ཟེར་ཨིནམ་ད་ དེ་གིས་ ཐིམ་ཕུག་ཁྲོམ་ཁར་ རྒྱུན་འབྲེལ་འཐབ་མི་ སྣུམ་འཁོར་མ་ཤོང་བའི་དཀའ་ངལ་ ཚད་འཛིན་འབད་ནི་ལུ་ ཕན་ཐོགས་སྦོམ་འོང་ཟེར་ཨིན་པས།
དེ་མེན་པ་ཅིན་ མ་གཞི་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཡོདཔ་ཨིན་རུང་ ཁྲོམ་སྡེའི་ཧོངས་ལས་ འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ ལམ་ཚུ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ མ་དངུལ་ཡང་ མེད་ཟེར་ཁྲོམ་དཔོན་གྱིས་བཤདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༨༤,༢༩༧ ཡོད་ས་ལས་༦,༣༨༡ གཞུང་འཁོར་ཨིནམ་ད་ དེ་གི་གྲས་ལས་ སྣུམ་འཁོར་༣༤,༦༥༢ ཐིམ་ཕུག་ལུ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༨༨,༢༢༧ ལུ་ ཡར་སེང་སོང་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

མི་སྟོབས་སྒྲིང་སྒྲི་བཟོ་ནི་དང་ མི་རློབས་ཡར་འཕར་གཏང་ནིའི་དོན་ལུ་ འགན་ཁུར་འདྲ་མཉམ་འབག་དགོཔ།

༉ འབྲུག་ལུ་ མི་རློབས་ཀྱི་ཚད་གཞི་ ཡར་སེང་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་ལུ་རྐྱངམ་གཅིག་ འགན་ཁུར་ཕོག་ནི་མེན་པར་ ལས་ཁུངས་དང་ ལྷན་ཁག་ ལས་སྡེ་ གཙུག་སྡེ་ དེ་ལས་ འབྲུག་པའི་མི་སེར་ག་ར་གིས་ འགན་ཁུར་འདྲ་མཉམ་འབག་སྟེ་ ཕྱག་ཞུ་དགོཔ་ཨིན་ཟེར་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *