སྐྱེད་དགོངས་ཡངས་གནང་མི་ལུ་ དགའ་ཚོར་སྦོམ་བསྐྱེད་དོ་ཡོདཔ།

༉ ནད་ཡམས་ཀྱིས་ གནོད་པ་ཤུགས་ཕོག་མི་གཅིག་ སྒེར་སྡེ་ཨིནམ་ལས་ འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་ལས་རིམ་མེད་པ་ཅིན་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་ཅིག་ལུ་ འགྱུར་ཡོདཔ་འོང་ནི་ཨིན་པས།

མི་དབང་མངའ་ཞབས་མཆོག་གིས་ ན་ཧིང་ སྤྱི་ཟླ་༤ པ་ལས་འགོ་བཙུགས་ སྐྱིན་འགྲུལ་གྱི་རིགས་ག་ར་ལུ་ སྐྱེད་ཕབ་ཆག་གནང་ནི་དེ་གིས་ སྐྱིན་འགྲུལ་ལེན་མི་ག་ར་ལུ་ ཁེ་ཕན་སྦོམ་བྱུང་ནུག།

རྒུད་གསོའི་སྐྱིད་སྡུག་ཐོག་ལས་ ཁེ་ཕན་ཐོབ་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ བཤད་པའི་ཁར་ དེ་ཡང་ སྐྱིན་འགྲུལ་མང་སུ་ལེན་མི་ཚུ་ལུ་ ཁེ་ཕན་ཡང་ མང་སུ་ཐོབ་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་ ཚོང་ལཱ་འབད་སྡོད་མི་ ཨམ་སྲུ་ཅིག་གིས་ བཤད་མིའི་ནང་ མོ་གིས་ ཟ་ཁང་དང་སྐྱིད་གནས་ཁང་ཚུ་ རྐྱབ་ནིའི་ དོན་ལུ་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ལས་ དངུལ་ཀྲམ་ས་ཡ་༥༠༠ ལྷགཔ་ཅིག་ སྐྱིན་འགྲུལ་ལེན་ཡོདཔ་ལས་ ཟླ་རིམ་གྱི་ སྐྱེད་དངུལ་ཀྲམ་ས་ཡ་༣ དེ་རེ་ བཏབ་དགོ་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ དངུལ་ཀྲམ་ས་ཡ་༣ དུས་ཚོད་ཁར་ བཏབ་མ་ཚུགས་པ་ཅིན་ ཉེས་ཆད་བརྒྱ་ཆ་༥ རེ་ ཕོག་ནི་ཨིན་རུང་ སྐྱེད་ཕབ་ཆག་གནང་མི་དེ་གིས་ ཁེ་ཕན་སྦོམ་བྱུང་ཡི་ཟེར་ཨིན་པས།

དུས་ཚོད་ལཱ་ཁག་ཅིག་ནང་ལྷོདཔ་ད་ མི་དབང་མཆོག་གིས་ མི་སེར་གྱི་མཐའ་དོན་ལུ་ སྐྱིད་སྡུག་གཟིགས་ཏེ་ ཏི་རུ་མང་ཧད་རྫོགསཔ་ཅིག་བཏང་མི་ཚུ་ རྒྱལ་ཁབ་ཀྱི་དཔལ་འབྱོར་དོན་ལུ་ ག་དེ་སྦེ་ ལོག་བཟོ་ཚུགས་འོང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ མོ་གིས་ བཤདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༤ པ་ལས་ ༩ པ་ཚུན་ སྐྱེད་ཧྲིལ་བུམ་དགོངས་ཡངས་གནང་ཡོདཔ་ད་ སྤྱི་ཟླ་༡༠ པ་ལས་དུས་ཅི་ སྤྱི་ཟླ་༣ པ་ཚུན་ བརྒྱ་ཆ་༥༠ ཕབ་ཆག་གནང་ཡོདཔ་ཨིན་པས།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ སྐྱེད་དགོངས་ཡངས་མེད་པ་ཅིན་ གནས་སྟངས་དེ་ སྐྱོ་དྲགས་འགྱོ་འགྱོཝ་འོང་ཟེར་ཨིནམ་ད་ ནད་ཡམས་ཀྱི་ གནས་སྟངས་ནང་ཨིན་རུང་ མི་ཚུ་གི་གདོང་གུ་ དགའ་འཛུལ་མཐོང་ཚུགས་པས་ཟེར་ཨིན་པས།

བར་སྦིས་ས་ལུ་ ཐོག་ཚད་༧ འབད་མི་ སྒྲིང་ཁྱིམ་༢ རྐྱབ་མི་ སྐྱེས་ལོ་༥༦ ལང་མི་ ཚེ་རིང་བུ་དར་གྱིས་ སླབ་མིའི་ནང་ མོ་གིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥༤ ལེན་ཡོདཔ་ལས་ ལོག་བཏབ་ནི་ལུ་ ཚ་གྱང་ལང་སྡོད་པའི་བར་ན་ སྐྱིད་སྡུག་ལས་རིམ་ འགོ་བཙུགས་གནང་མི་དེ་གིས་ ཕན་ཐོགས་ཡི་ཟེར་ཨིན་པས།

མོ་གིས་ ཟླཝ་རེ་ནང་ སྐྱེད་དངུལ་ཀྲམ་ས་ཡ་༡ དེ་ཅིག་ སྤྲོད་དོ་ཡོད་མི་དེ་ ནད་ཡམས་སྐབས་ ཚ་གྱང་ལང་སྡོདཔ་ད་ དགོངས་ ཡངས་དེ་གིས་ གནམ་མེད་ས་མེད་ བློ་བདེ་བྱུང་ཡི་ཟེར་བཤད་ཅི།

མོ་གིས་སླབ་མིའི་ནང་ དགོངས་ཡངས་ཐོབ་ནི་དེ་གིས་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་དང་པའི་སྐབས་ ཚོང་ཁང་བཙུགས་མི་ ཚུ་ལུ་ ཁང་གླ་བརྒྱ་ཆ་༥༠ ཕབ་ཆག་བྱིན་ཡོདཔ་ད་ ཁང་གླ་ནང་སྡོད་མི་ཚུ་ལུ་ཡང་ དངུལ་ཀྲམ་༡༥,༠༠༠ རེ་བཏབ་མི་ཚུ་ལུ་ དངུལ་ཀྲམ་༥༠༠༠ ཕབ་ཆག་བྱིན་ཡི་ཟེར་ཨིནམ་ད་ བཀག་དམ་གཉིས་པའི་ནང་ཡང་ ཕབ་ཆག་བྱིན་ཚུགས་ཡི་ཟེར་ཨིན་པས།

དགོངས་ཡངས་དེ་གིས་ ཁང་གླ་ནང་སྡོད་མི་ཚུ་ལུ་ཡང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ལ་ལོ་ལུ་ ཕབ་ཆག་ཧྲིལ་བུམ་བྱིན་ཡོདཔ་ད་ ལ་ལོ་གིས་ བརྒྱ་ཆ་༥༠ དེ་ལས་ ལ་ལོ་གིས་ ཕབ་ཆག་དུམ་གྲ་རེ་ འབད་ཡོདཔ་ལས་ ཁེ་ཕན་ཚུ་ཐོབ་ཚུགས་ནུག།

སྒེར་སྡེ་ཅིག་ནང་ལཱ་འབད་མི་ ཀརྨ་གིས་ སླབ་མིའི་ནང་ ཁོ་གི་ཁྱིམ་གྱི་ཇོ་བདག་གིས་ ཁང་གླ་བརྒྱ་ཆ་༢༠ ཕབ་ཆག་བྱིན་ཡི་ཟེར་ཨིནམ་ད་ ཁོ་ར་ ནད་ཡམས་སྐབས་ དངུལ་ཕོགས་ཡང་ ཕབ་སྟེ་ཡོདཔ་ལས་ དེ་གིས་ དུམ་གྲ་ཅིག་ ཕན་ཐོགས་ཡི་ཟེར་ ཨིན་པས།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་འཐུས་མི་ གསལ་སྒྲོན་གྱིས་ སླབ་མིའི་ནང་ ཡངས་ཆག་དེ་གིས་ འོང་འབབ་བར་མ་དང་ ཁྱིམ་ གྱི་ཇོ་བདག་ སྐྱིན་འགྲུལ་བཏབ་མ་ཚུགས་མི་ཚུ་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

མོ་གིས་བཤད་མིའི་ནང་ དེ་བཟུམ་མའི་ སྐྱིད་སྡུག་གནང་མི་དེ་གིས་ མི་སེར་ཚུ་ གཅིག་སྒྲིལ་ཐོག་ལས་ སྡོད་དགོ་པའི་ དྲན་ཤེས་ཐོབ་ཡོདཔ་ལས་ མི་དབང་མཆོག་དགུང་ལོ་༤༡ བཞེས་མི་ལུ་ བཀྲིས་བདེ་ལེགས་ཞུཝ་ཨིན་ཟེར་ ཨིན་པས།

བསམ་གྲུབ་ཆོས་གླིང་ལུ་ ནུབ་མོའི་སྤྲོ་སྟོན་ཁང་དང་ ཨིས་ནུ་ཀར་རྩེདམོ་བཙུགས་མི་ ཕུན་ཚོགས་དབང་མོ་གིས་ སླབ་མིའི་ནང་ ནད་ཡམས་སྐབས་ ཚོང་ཁང་གཉིས་ཆ་ར་ སྒོ་བསྡམས་དགོཔ་བྱུངམ་ད་ རྒུད་གསོའི་སྐྱིད་སྡུག་ཐོབ་ནི་དེ་གིས་ མོ་དང་ མོ་རའི་བཟའ་ཚང་ལུ་ ཕན་པ་སྦོམ་བྱུང་ཡི་ཟེར་ཨིན་པས།

མོ་གིས་ཡང་ ད་རེས་ མི་དབང་མཆོག་གིས་ འཁྲུངས་སྐར་དུས་སྟོན་ལུ་ གོ་སྐབས་ལེན་ཏེ་ སྐུ་སྲོག་ལུ་བར་ཆད་མེད་པར་ སྐུ་ཚེ་རིང་བཅུག་ཟེར་བའི་ སྨོན་ལམ་བཏབ་དོ་ཟེར་ བཤདཔ་ཨིན་པས།

ཟླཝ་༩ གི་རིང་ སྐྱེད་ཕབ་ཆག་གནང་མི་དེ་གིས་ དངུལ་ཀྲམ་ཐེར་འབུམ་༧.༥ དེ་ཅིག་ གནས་ཡོད་མི་དེ་ག་ར་ རྒྱལ་ཡོངས་ཉེན་ཐུབ་མ་དངུལ་གནང་ལས་ བཏང་ཡོདཔ་ཨིན་པས།།

དགོངས་ཡངས་དེ་གིས་ ཧེ་མ་ལས་ སྐྱེད་ཚུ་ དུས་ཚོད་ཁར་ བཏབ་མ་ཚུགས་མི་ཚུ་ལུ་ཡང་ ཁེ་ཕན་བྱུང་ཡོདཔ་ད་ རྩིས་ཁྲ་ འཆང་མི་༡༩,༡༢༦ དེ་ཅིག་གིས་ བཏབ་མ་ཚུགས་པར་སྡོད་ནུག།

རྒྱལ་ཡོངས་དངུལ་ལས་དབང་འཛིན་གྱི་ གནས་ཐོ་དང་འཁྲིལཝ་ད་ དུས་ཚོད་ཁར་ སྐྱེད་བཏབ་མ་ཚུགས་མི་ ཟ་ཁང་དང་ བཟོ་སྐྲུན་ལས་སྡེ་བརྒྱ་ཆ་༣༠ དེ་ཅིག་ འདུག་ཟེར་ཨིན་པས།

སྐྱེད་དགོངས་ཡངས་ཀྱིས་ མི་ངོམ་༡༡༢,༠༢༤ དེ་ཅིག་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *