ས་གོ་སོ་སོར་ནང་བཞག་མི་ ཚ་རིམས་ཐོབ་མི་ སློབ་ཕྲུག་ཨ་ལོ་ཚུ།

སྐྱེངས་མཁར་རྒེད་འོག་ནང་ མི་གྲངས་༣༦༦ ལུ་ ཚ་རིམས་ཀྱི་ ནད་གཞི་ཐོབ་ཡོདཔ།

༉ ད་རེས་ནངས་པར་ མོང་སྒར་ སྐྱེངས་མཁར་རྒེད་འོག་ནང་ མི་གྲངས་༣༦༦ ལུ་ཨིན་ཕུ་ལུན་ཛ་ཟེར་མི་ ཚ་རིམས་ཀྱི་ ནད་གཞི་ཐོབ་ཡོདཔ་ལས་ ནདཔ་ཚུ་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
ནད་གཞི་ཐོབ་མིའི་གྲངས་སུ་ ཕོ་སྐྱེས་༡༨༥ དང་ ཨམ་སྲུ་༡༨༡ ཡོདཔ་ད་ དེ་གི་ནང་ན་ ན་གཞོན་སྐྱེས་ལོ་༡༨ མན་ཆད་འབད་མི་༡༧༢ ཡོདཔ་མ་ཚད་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་༥༢ དེ་ཅིག་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ ས་གོ་སོ་སོར་ནང་བཞག་སྟེ་ སྨན་བཅོས་འབད་དེ་ ཉིན་གྲངས་༥ ལང་ནུག།
ཌོག་ཊར་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ནད་གཞི་དེ་ མི་གཞན་ལུ་ མི་སྤེལ་ནིའི་དོན་ལས་ རྒྱལ་པོའི་ཞིང་སྨན་ཁང་གི་ སྡེ་རིམ་དང་པ་ལས་ སྨན་པ་དང་ ཌོག་ཊར་ཚུ་གིས་ དེ་འཕྲོ་ལས་ རྒེད་འོག་ནང་ལྷོད་དེ་ ནདཔ་ཚུ་ སྨན་བཅོས་འབད་བའི་ཁར་ བཀག་ཐབས་ཀྱི་དོན་ལུ་ ཐབས་ལམ་ཚུ་བཏོན་ཡི་ཟེར་ཨིན་པས།
རྒེད་འོག་གི་ འགོ་ཁྲིདཔ་དང་ མི་སེར་ སློབ་གྲྭའི་སློབ་དཔོན་ དེ་ལས་ སློབ་ཕྲུག་ཚུ་ འཛོམས་པའི་སྐབས་ བཀག་ཐབས་ཀྱི་གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ ནད་གཞི་ཐོབ་པའི་སྐབས་ རྟགས་མཚན་དང་ ནད་རྟགས་ཚུ་ འཐོན་པ་ཅིན་ དེ་འཕྲོ་ལས་ སྨན་ཁང་ནང་འགྱོ་ནི་དང་ ལགཔ་ཆུ་འཁྱུ་ནི་ ཆུ་ལེ་ཤ་སྦེ་འཐུང་ནི་ དེ་ལས་ མི་མང་འཛོམས་ས་ལུ་ འགྱོ་ནི་ལས་ འཛེམ་དགོ་པའི་སྐོར་ གོ་བརྡ་སྤྲོད་ཅི་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་ གཡུས་ཚན་ལས་ གཡུས་ཚན་བརྒྱུད་དེ་ འགྱོ་ནི་ལས་ཡང་ འཛེམ་དགོ་པའི་སྐོར་ལས་ སླབ་ཡོདཔ་ད་ དེ་ཡང་ མོང་སྒར་རྫོང་ཁག་གི་ གསོ་བའི་འགོ་དཔོན་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ འགོ་དཔོན་དང་ རྒྱལ་པོའི་ཞིང་སྨན་ཁང་གི་ སྨན་གཡོགཔ་ དེ་ལས་ ཌོག་ཊར་ཚུ་གིས་ སྐྱེངས་མཁར་རྒེད་འོག་མ་ཚད་ འགྱུར་མེད་རྒེད་འོག་ནང་ཡང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནུག།
ལྷག་པར་དུ་ ཁ་ཙ་ ཌོག་ཊར་ཚུ་གིས་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་དང་ སློབ་གྲྭའི་བཟའ་ཚང་ལུ་ ཚ་རིམས་ནད་གཞི་གི་སྐོར་ལས་ གོ་བརྡ་སྤྲོད་ནུག།
ཚ་རིམས་ཀྱི་ནད་གཞི་དེ་ འགོ་དང་པ་ར་ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ བྱུང་ཡོད་པའི་སྐོར་ལས་ རྒེད་འོག་གི་སྨན་པ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ མོང་སྒར་རྫོང་ཁག་གི་ གསོ་བའི་སྡེ་ཚན་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཌོག་ཊར་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཚ་རིམས་ཀྱི་ནད་གཞི་དེ་ སྤྱི་ཟླ་༩ པའི་ཚེས་༡༧ ལས་འགོ་བཙུགས་ རྒེད་འོག་ནང་ ཚེས་བཅུ་འགོ་འདྲེན་འཐབ་པའི་སྐབས་ ཕྱི་ཁ་ལས་ ཚོང་བཙོང་པར་འོང་མི་ཚུ་ལས་ འབག་འོང་དོ་བཟུམ་ཅིག་འདུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *