༉ སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་ཀྱི་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ རྒེད་འོག་སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༩ པའི་ཚེས་༩ ལུ་ སྐྱེངས་མཁར་རྒེད་འོག་ ཡུ་ད་རི་སློབ་གྲྭ་ཆུང་བའི་ནང་ལས་ མཇུག་བསྡུ་ཡོད་རུང་ སྒོ་བཤལ་སྐུལ་བསྒྲགས་འབད་ནི་ལུ་ དུས་ཚོད་གངམ་མེདཔ་ཨིན་པས།
རྒེད་འོག་གི་མི་སེར་དང་ སྤྱིར་སྙོམས་འཛོམས་འདུ་མཇུག་བསྡུཝ་དང་འབྲེལ་ ཚོགས་པའི་འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་དང་ ས་གནས་ཐདམ་ཐད་ཁ་ལས་ཕར་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་ སོང་ཡོད་རུང་ སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་ གཉིས་ནང་ འཐུང་ཆུའི་དཀའ་ངལ་རྒྱ་ཆེཝ་སྦེ་ ད་ལྟོའི་བར་ན་ཡང་ བསལ་མ་ཚུགས་པར་ཡོད་མི་དེ་ འཆར་གཞི་གཙོ་རིམ་དང་པའི་ནང་ ཚུད་དེ་ཡོད་ཟེར་ ཁས་བླངས་འབད་ཡི།
འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ འདེམས་ཁོངས་ནང་ འབད་དགོཔ་བཅའ་དགོཔ་ལེ་ཤ་ཡོད་པའི་གྲས་ལས་ སྐྱེངས་མཁར་རྒེད་འོག་གི་ གཡུས་ཚན་མང་རབས་ཅིག་ནང་ འཐུང་ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ མི་སྡེ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་མ་ཚུགས་པའི་ གདོང་ལེན་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ མི་སེར་དང་ གཞུང་ དེ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ མཉམ་འབྲེལ་ཐོག་ལས་ གསུང་གྲོས་གནང་སྟེ་ ཆུ་འཐེན་འཕྲུལ་ཆས་དང་ ཐབས་རིག་གཞན་གྱི་ཐོག་ལས་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་ གཙོ་རིམ་འཆར་གཞི་ནང་ བཀོད་དེ་ཡོད་ཟེར་ ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ངོ་ཚབ་ དགེ་ལེགས་རྒྱ་མཚོ་གིས་ སླབ་མིའི་ནང་ ཚོགས་པའི་གཞི་རྩ་དང་ ལྟ་བ་ལེགས་ཤོམ་ཡོདཔ་མ་ ཚད་ གཙོ་འཛིན་ཡང་ སྒྲིང་སྒྲི་ཡོདཔ་ལས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ རྒེད་འོག་ནང་ འཐུང་ཆུ་བཀྲམ་སྤེལ་བརྒྱ་ཆ་ལས་བརྒྱ་ གཏོན་ནིའི་གཙོ་རིམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་གཞུང་སྐྱོང་༢ ཀྱིས་ འཐུང་ཆུའི་དཀའ་ངལ་ བསལ་མ་ཚུགས་མི་དེ་ ད་རེས་ གཞུང་གསརཔ་ལུ་ མི་སེར་ཚུ་གིས་ གོ་སྐབས་ གནང་པ་ཅིན་ རིག་པ་གསརཔ་དང་ ཐབས་ཤེས་གནས་སྐབས་གསརཔ་སྟོན་ཏེ་ འཐུང་ཆུ་བཀྲམ་སྤེལ་འབད་ ཚུགས་ཟེར་ ཁས་བླངས་འབད་ཡི།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཀུན་བཟང་འབྲུག་པ་གིས་ སླབ་མིའི་ནང་ ཡོདཔ་དང་མེད་པའི་ ཁྱད་པར་ཉུང་སུ་བཟོ་ནི་གི་ ཚོགས་པའི་ལྟ་བའི་ཐོག་ལས་ གྲོང་གསེབ་གཡུས་ཚན་ཚུ་ནང་ ཁྲོམ་སྡེ་ནང་ཡོད་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ མེད་མི་ལུ་བརྟེན་ སྐྱེངས་མཁར་རྒེད་འོག་ནང་ གུང་སྟོང་གི་དཀའ་ངལ་ རྒྱ་ཆེ་དྲགས་སྦེ་འདུག་ཟེར་ཨིན་པས།
རྒེད་འོག་མ་ཚད་ རྒྱལ་ཡོངས་ཀྱི་ འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ ཚོགས་པ་དེ་གིས་ ཆུའི་ལས་སྡེ་ གཞི་བཙུགས་འབད་དེ་ དཀའ་ངལ་བསལ་ནིའི་གཙོ་རིམ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་བསོད་ནམས་དཔལ་འབྱོར་གྱིས་ མི་སེར་ཚུ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཡོད་པའི་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་འོག་མ་དེ་ སློབ་གྲྭ་ལྟེ་བ་ལུ་ ཡར་སེང་འབད་ཐོག་ལས་ མི་སེར་ལུ་ ཞབས་ཏོག་ཞུ་ནི་དང་ ལྷག་པར་དུ་ འཆར་གཞིའི་གཙོ་རིམ་ནང་ འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ ཆུ་ལི་ཊར་༡༠,༠༠༠ གཤོང་མི་ གྱིབ་ཀྱིས་བཟོ་ཡོད་པའི་ ཆུ་མཛོད་ཁང་བཀྲམ་སྤེལ་འབད་ནི་ཨིན་ཟེར་ཨིན་པས།
དེ་ཁར་ བཅའ་མར་གཏོགས་མི་ ཤ་མཇུག་ལ་གཡུས་ཚན་ལས་ སྐྱེས་ལོ་༥༤ ལང་མི་ ཤེས་རབ་བཟང་མོ་གིས་ སླབ་མིའི་ནང་ སྲིད་དོན་ ཚོགས་པ་༤ ལས་ གཞུང་སྐྱོང་ག་གིས་འཐོབ་རུང་ སྤྱི་ལོ་༢༠༡༨ ལས་ཕར་ སྐྱེངས་མཁར་རྒེད་འོག་མ་ཚད་ དམིགས་བསལ་དུ་ ཆུ་ འཐོན་སའི་ ཆུ་རྐ་མེད་པའི་ གཡུས་ཚན་ཚུ་གི་དོན་ལུ་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ཨིན་ཟེར་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ་ལས་ མནོ་དོན་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༧༣ ལང་མི་ ཨང་རྒས་སངས་རྒྱས་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ ཆརཔ་ཤུགས་སྦེ་ ཚར་༣ ལས་མ་རྐྱབ་ནི་དེ་གིས་ འདས་པའི་ལོ་ཚུ་ནང་ ཆུ་རྐ་ཚུ་ལས་ ཆུ་འཐོན་མི་དེ་ཡང་ སྐམ་ཡོདཔ་ལས་ གནམ་དགུན་ལུ་ ཆུ་ལེན་པར་ ག་ཏེ་འགྱོ་ནི་ཨིན་ན་ཟེར་ ཚ་གྱང་ལངམ་མས་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ ཡོད་མི་ལས་ མོང་སྒར་འདེམས་ཁོངས་དང་ དགྲ་མེད་རྩེ་ སྔ་ཚང་འདེམས་ཁོངས་ཀྱི་ རྒེད་འོག་གི་མི་སེར་ཚུ་དང་ སྤྱིར་སྙོམས་འཛོམས་འདུ་འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༩ པའི་ཚེས་༧ ལུ་ མཇུག་བསྡུ་ཡོདཔ་ཨིན་རུང་ སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་ཀྱི་ སྤྱིར་སྙོམས་འཛོམས་འདུ་དེ་ སྤྱི་ཟླ་༨ པའི་ཚེས་༢༨ ལས་འགོ་བཙུགས་ཡོད་རུང་ ལམ་ ཐག་རིང་སོཔ་ལས་ སྤྱི་ཟླ་༩ པའི་ཚེས་༩ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ ས་གླིང་རྒེད་འོག་ལས་སྦེ་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་མི་གིས་ སི་ལམ་སྦིས་དང་ དགོངས་འདུས་ འགྱུར་མེད་ དེ་ལས་ སྐྱེངས་མཁར་རྒེད་འོག་ཚུ་གི་ ས་གནས་ཁག་༢༦ ནང་ འགོ་འདྲེན་འཐབ་པའི་སྐབས་ གཅིག་མཐུན་དང་ གཅིག་སྒྲིལ་གྱི་སྒོ་ལས་ ཁས་བླངས་འབད་ཡི་ཟེར་ཨིན་པས།
རང་སོའི་ ཁས་བླངས་གསལ་བསྒྲགས་འབད་བའི་ཤུལ་ལས་ བཟའ་ཚང་ནང་གི་ སྤུན་ཆ་ཚུ་བཟུམ་སྦེ་ དགའ་ཏོག་ཏོ་སྦེ་ སྡོད་ཡོདཔ་མ་ཚད་ བཞེས་སྒོ་ཚུ་ཡང་ གཅིག་ཁར་བཟའ་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ མི་སེར་ཚུ་གི་སྦུག་ལུ་ དཔེ་སྟོན་ལེགས་ཤོམ་སོང་ཡི་ཟེར་ ཨིན་པའི་ཁར་ མི་སེར་ཚུ་གིས་ཡང་ ཆད་ལུས་མེད་པར་ འཛོམས་འདུ་ནང་ བཅའ་མར་གཏོགས་ཅི་ཟེར་ ཨིན་པས།
ཨིན་རུང་ སྒོ་བཤལ་སྐུལ་བསྒྲགས་འབད་ནི་ལུ་ ཉིནམ་༢ ལས་བརྒལ་མེདཔ་ལས་ ཚོགས་པའི་ངོ་ཚབ་དང་ རྒྱབ་སྐྱོར་པ་ཚུ་གིས་སྦེ་ ག་དེམ་ཅིག་ འབད་ཚུགསཔ་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
སྐྱེངས་མཁར་ལས་ བཀྲིས་ཕུན་ཚོགས།