སྐྱེ་ལྡན་གནས་སྟངས་ལྟ་བཤལ་གྱིས་ གྲོང་གསེབ་ནང་ སྡོད་མི་ཚུ་ལུ་ཕན་ཁྱད།

༉ རྒྱལ་ཁབ་ནང་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ གཞི་བཙུགས་འབད་དེ་ ལོ་གངམ་མ་ལང་པའི་ཁར་ ལྟ་བཤལ་དང་འབྲེལ་བའི་ལས་རིམ་ཚུ་ཡང་ ཆུང་སུ་ཅིག་ལས་མེད་རུང་ རྒྱལ་ཁབ་ནང་འཁོད་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ གོང་འཕེལ་ལེགས་ཤོམ་སྦེ་ར་ འབག་འོང་ཚུགས་པའི་ མངོན་གསལ་བྱུངམ་ཨིན་མས།

ང་བཅས་ཀྱིས་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ཐད་ཁར་ ཡར་དྲག་གཏང་ནི་དང་འབྲེལ་ ཚད་འཛིན་འབད་ཚུགས་པ་ཅིན་ གྲོང་གསེབ་ནང་སྡོད་མི་ཚུ་གིས་ ཁོང་རའི་ སོ་ནམ་ཞིང་ལཱ་གིས་མ་ཚད་ འོང་འབབ་བཟོ་ནིའི་གོ་སྐབས་ཡང་ ལེ་ཤ་ཅིག་ར་ འཐོབ་ཚུགས་ནི་ཨིན་མས།

ད་རེས་ནངས་པར་ གྲོང་གསེབ་གཡུས་ཚན་ཚུ་ནང་ ཞིང་ལཱ་འབད་མི་ དཀོན་པའི་དུས་ཚོད་ལུ་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ལུ་བརྟེན་པའི་ ལྟ་བཤལ་ཚོང་འབྲེལ་འཐབ་ཚུགས་པ་ཅིན་ གཡུས་ཁར་སྡོད་མི་ཚུ་ ལྷག་པར་དུ་ ཕན་ཁྱད་འབྱུང་ནི་ཨིན་མས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་གྱིས་ ས་གནས་ཀྱི་མི་སྡེ་ཚུ་ ཡར་དྲག་གཏང་ནིའི་ནང་ ལྷན་གྲོགས་སྦོམ་སྦེ་ར་ འབད་ཡོད་པའི་ངོས་འཛིན་བྱུང་ནུག།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ལྟ་བཤལཔ་ཚུ་གིས་ གྲོང་ཁྱིམ་ནང་སྡོད་པའི་ཁར་ ཕྱི་ཁར་སྒར་བཅགས་སྡོད་མི་ལུ་བརྟེན་ ས་གནས་ཀྱི་ ཁྱིམ་གུང་ཚུ་གི་ འོང་འབབ་བཟོ་ནི་ལུ་ ལྷན་ཐབས་བྱུང་ནི་དེ་གིས་ཨིན་མས།

འདི་བ་ལྷགཔ་སྦེ་ ལྟ་བཤལཔ་ཚུ་གིས་ གྲོང་མི་ཚུ་དང་གཅིག་ཁར་ རང་བཞིན་གནས་སྟངས་ཉམས་སྲུང་དང་ ལམ་སྲོལ་དང་གོམས་གཤིས་ སྲུང་སྐྱོབ་ཀྱི་གནད་དོན་ཚུ་ ཕན་ཚུན་བརྗེ་སོར་འབད་ཚུགས་ནུག།

ལྟ་བཤལཔ་མང་ཤོས་ཅིག་གིས་ར་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ སྤུ་ན་ཁ་མ་གཏོགས་ རང་ལུགས་ཀྱི་ ལམ་སྲོལ་དང་ལྡན་པའི་ ས་གནས་གཞན་ཚུ་ནང་ མ་འགྱོ་མི་དེ་ཡང་ ལྟ་བཤལ་ངོ་ཚབ་ཚུ་གིས་ ལས་རིམ་མ་བཟོ་མི་ལུ་བརྟེན་ཨིན་མས།

དཔེ་འབད་བ་ཅིན་ རྫོང་ཁག་ཚུ་གི་གྲས་ལས་ ལྟ་བཤལཔ་འོང་མིའི་གྱངས་ཁ་ ཉུང་ཤོས་དེ་ར་ གཞལམ་སྒང་ལུ་ཨིན་མི་དེ་ཡང་ གཞལམ་སྒང་ལུ་ ལྟ་བཤལ་ས་ཁོངས་མེདཔ་མིན་པར་ ངོ་ཚབ་ཚུ་གིས་ མ་འཁྱིད་མི་ལུ་བརྟེན་ཨིནམ་ད་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ད་རེས་ གཞལམ་སྒང་ལུ་ཡོད་མི་ ལྟ་བཤལ་གྲོང་ཁྱིམ་ཚུ་གིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༤༠༠,༠༠༠ དེ་ཅིག་ བཟོ་ཚུགས་མི་དེ་ རྫོང་ཁག་ཁག་གཞན་ཁའི་ གྲོང་ཁྱིམ་ཚུ་དང་ཕྱདཔ་ད་ དྲག་ཤོས་ཅིག་ཨིན་མས།

སྐྱེ་ལྡན་གནས་སྟངས་ལྟ་བཤལ་གྱིས་ གྲོང་གསེབ་ཀྱི་ དཔལ་འབྱོར་ཡར་སྐྱེད་ཐོག་ལས་ མཐའ་ཟུར་མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ལེགས་བཅོས་ལུ་ ལྷན་ཐབས་འབད་ཚུགསཔ་ཨིན་མས།

ལྟ་བཤལ་གྲོང་ཁྱིམ་ བརྒྱ་ཆ་༩༨ ཀྱིས་ རང་ལུགས་ཀྱི་ཐོན་སྐྱེད་མ་འདྲཝ་ཚུ་ འགྲེམ་སྟོན་འབད་ཡོདཔ་མ་ཚད་ ས་གནས་ཀྱི་ བཞེས་སྒོའི་རིགས་མ་འདྲཝ་ཚུ་ཡང་ འདྲངས་ཡོདཔ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་འཁོད་ཀྱི་ གཡུས་ཚན་ཚུ་ནང་ རི་དྭགས་སེམས་ཅན་དང་ མི་གི་བྲེལ་ཟིང་བྱུང་བའི་ཁར་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་བའི་ དཀའ་ངལ་ཐོན་མི་དེ་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ ཡར་དྲག་གཏང་པ་ཅིན་ སེལ་ཐབས་འབད་ཚུགས་ནིའི་ འོས་འབབ་འདུག།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *