༉ མོང་སྒར་སྐྱིད་བདེ་མཁར་ ལུང་རྟོགས་ཆོས་ཀྱི་དགའ་ཚལ་བཤད་གྲྭའི་ ལྷ་ཁང་ནང་སྦེ་ བཤད་གྲྭའི་མཁན་པོ་༢ ཀྱིས་གཙོས་པའི་ དགེ་སློང་ཞལ་གྲངས་༡༠༠ དེ་ཅིག་གིས་ ཟླཝ་ཕྱེད་དང་༢ ཀྱི་རིང་ བསྲུང་ནི་ཨིན་མི་ དབྱར་གནས་དེ་ འགོ་འདྲེན་འཐབ་པའི་བསྒང་འདུག།
རང་ཟླ་༦ པའི་ཚེས་༡༥ ལས་འགོ་འདྲེན་འཐབ་མི་ དབྱར་གནས་དེ་ རང་ཟླ་༧ པའི་ཚེས་༣༠ ལུ་ དགེ་སློང་ཚུ་གིས་ དད་ཅན་སྦྱིན་བདག་དང་ མི་སེར་ཚུ་ལུ་ ཆོས་བཤད་གནང་ཐོག་ལས་ འགྲོལ་ནི་ཨིནམ་ད་ བཤད་གྲྭ་གིས་ ལོ་བསྟར་བཞིན་དུ་ དབྱར་གནས་འགོ་འདྲེན་འཐབ་སྟེ་ དུས་ཅི་བརྩིསཝ་ད་ ཐེངས་༡༥ འགྱོཝ་ཨིན་པས།
དབྱར་གནས་སྲུང་ནིའི་སྲོལ་དེ་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་རྡོ་རྗེ་གདན་ལུ་ སངས་རྒྱས་ཞིནམ་ལས་ དགེ་སློང་ཚུ་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ བཞུགས་པའི་སྐབས་ འཚོ་བ་འཇིག་རྟེན་པ་ཚུ་ལས་ བསོད་སྙོམས་ལྷང་སྟེ་ བཞུགས་དགོཔ་བྱུང་ནུག།
དུས་ཚོད་འ་ནེམ་ཅིག་ཁར་ དགེ་སློང་ཚུ་ བསོད་སྙོམས་ལྷང་པར་ ཕར་ཚུར་འགྱོ་བའི་སྐབས་ རྐངམ་གིས་ འབུབ་ཚུ་བསད་དོ་ཡོདཔ་ལས་ ཕྱི་རོལ་མུ་ཏིག་པ་ཚུ་གིས་ ནང་པའི་ཆོས་འབད་མི་ཚུ་ལུ་ ཁ་བཏང་པའི་ལོ་རྒྱུས་འདུག།
དེ་འབདཝ་ལས་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཕྱི་རོལ་པའི་ འཕྱར་ཁ་ཟློག་ཐབས་ལུ་ གནམ་བྱཱར་གྱི་དུས་ཚོད་ལུ་ དགེ་སློང་ཚུ་ ཕར་ཚུར་འགྱོ་མ་ཆོག་པར་ ཚུལ་ཁྲིམས་ཡང་དག་པར་བསྲུང་སྟེ་ ཆོས་འབད་བཅུག་ཡོདཔ་ཨིན་པས།
བཤད་གྲྭའི་མཁན་པོ་ བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒྱ་གར་ལུ་ གནམ་བྱཱར་ཟླ་ངོ་༣ གྱི་རིང་ དབྱར་གནས་སྲུང་སྲོལ་ཡོད་མི་དེ་ བོད་ལུ་ ཟླ་ངོ་ཕྱེད་དང་༢ ཀྱི་རིང་ སྲུང་མི་དེ་ ཞབས་དྲུང་རིན་པོ་ཆེ་ འབྲུག་ལུ་བྱོན་པའི་ཤུལ་ལས་ འགོ་དང་པ་ ལྕགས་རི་དགོན་པ་ལུ་ དབྱར་གནས་བསྲུང་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དབྱར་གནས་སྲུང་པའི་སྐབས་ དགེ་སློང་ཚུ་ བཤད་གྲྭའི་ ཕྱོགས་༤ ལས་བརྒལ་ཏེ་ འགྱོ་མ་ཆོག་པའི་ཁར་ དེ་གི་སྐབས་ གསོ་སྦྱོང་ཡན་ལག་བཞི་ དེ་ལས་ དགག་དབྱེ་བཞི་ཟེར་ བསྲུང་ནི་ཡོདཔ་ཨིན་ཟེར་ཨིན་པས།
ལྷག་པར་དུ་ དགེ་སློང་ཚུ་གིས་ བསྙེན་གནས་ཡན་ལག་༨ ཀྱི་ སྡོམ་པ་བསྲུང་དགོཔ་ད་ དེ་ཡང་ སྲོག་གཅོད་པ་དང་ མ་བྱིན་པ་ལེན་པ་ མི་ཚངས་སྤྱོད་པ་ རྫུན་སྨྲ་བ་ ཆང་སྤང་བ་ ཕྱི་དྲོ་ཁ་ཟས་སྤང་པ་ གར་སོགས་༣ དེ་ལས་ ཕྲེང་སོགས་༣ སྤང་སྟེ་ ཚུལ་ཁྲིམས་ཉམས་སུ་བླང་དགོཔ་ཨིན་པས།
དེ་འབདཝ་ལས་ གསོ་སྦྱོང་ཡན་ལག་བཞི་ཉམས་སུ་བླང་ནིའི་དོན་ལུ་ མི་སེར་ཚུ་གིས་ དྲོ་པ་ཆུ་ཚོད་༤ ལུ་ མཁན་པོ་ལས་ གསོ་སྦྱོང་ཞུ་བར་འགྱོ་མི་ཡང་ མང་སུ་ཐོནམ་མས་ཟེར་ཨིནམ་ད་ དེ་ཡང་ མཁན་པོ་གིས་འབད་བ་ཅིན་ དེ་ཡང་ ནང་པའི་ཆོས་ ཧ་གོ་བའི་རྟགས་མཚན་སྟོནམ་མས་ཟེར་ཨིན་པས།
མཁན་པོ་བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཉིན་ཞག་༡ ལུ་ བསྙེན་གནས་ཡན་ལག་༨ ཀྱི་སྡོམ་པ་ ཉམས་སུ་བླང་དགོཔ་ལས་ དྲོ་པ་ལས་ ཉིན་མ་ཆུ་ཚོད་༡༢ ཚུན་ བཞེས་སྒོ་ཟ་ཆོག་རུང་ དེ་གི་ཤུལ་ལས་ དྲོ་པ་ཆུ་ཚོད་༦ ཚུན་ ཁ་ཟས་ཀྱི་རིགས་ སྤངས་ཏེ་སྡོད་དགོ་ཟེར་ཨིན་པས།
ལུས་ངག་ཡིད་༣ གྱི་སྒོ་ལས་ སྡིག་སྒྲིབ་སྤང་ནི་དང་ སྤང་རྟོགས་ཀྱི་ཡོན་ཏན་ཚུ་ ཉམས་སུ་བླང་མི་ལུ་བརྟེན་ ཚོགས་བསགས་སྡིག་སྒྲིབ་སྦྱང་ཚུགས་པའི་ ཕན་ཡོན་ཡོད་ཟེར་ མཁན་པོ་གིས་ སླབ་ཨིན་པས།
དབྱར་གནས་ཀྱི་སྐབས་ མོང་སྒར་ཁྲོམ་གྱི་ མི་སེར་ཚུ་གིས་ རང་སོའི་འབྱོར་པ་དང་བསྟུན་ དྲོ་པའི་གསོལ་ཇ་དང་ ཉིན་མའི་གསོལཝ་ཚུ་ ཉིནམ་ཨ་རྟག་ར་ དྲང་དོ་ཡོདཔ་ད་ ཁ་ཙ་ སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བའི་ སློབ་དཔོན་དང་ ཀྲོང་གསར་རྫོང་ཁག་ལས་ དད་ཅན་ཚུ་གིས་ གསོལཝ་དྲངས་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།