༉ སྐྱེས་ལོ་༥༣ ལང་མི་ ཡེ་ཤེས་དབང་མོ་གིས་ ལོ་༡༠ གྱི་ཧེ་མར་ སྐྱིད་བདེ་མཁར་ཁྲོམ་ནང་ གཞུང་ས་ ལེན་ཐོག་ ཚོང་ཁང་བཙུགས་ཏེ་སྡོད་པའི་ ཉིནམ་ལས་འགོ་བཟུང་ འཐུང་ཆུའི་དཀའ་ངལ་ཡོད་མི་དེ་ ད་ལྟོའི་ བར་ན་ཡང་ སེལ་མ་ཚུགས་པར་ཡོད་ཟེར་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ སྐྱིད་བདེ་མཁར་དེ་ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༥ ལས་བརྒལ་མེད་རུང་ གཞུང་གིས་ རྫོང་ཁག་ཁྲོམ་གྱི་དོན་ལུ་ རྒྱ་སྐྱེད་ཁྲོམ་སྦེ་ བཟོ་ནིའི་དོན་ལས་ སའི་བཅད་མཚམས་ཚུ་ཡང་ ཞིབ་དཔྱད་འབད་ཚར་ཡི་ཟེར་ཨིན་པས།
དེ་འབདཝ་ད་ སྐྱིད་བདེ་མཁར་ཁྲོམ་ཁར་ ལོ་བསྟར་བཞིན་དུ་ མི་རློབས་ཡར་འཕར་ འགྱོཝ་མ་ཚད་ ན་གཞོན་གྱི་ དཀའ་ངལ་དང་ འཐུང་ཆུ་ལངམ་སྦེ་ མེད་པའི་དཀའ་སྡུག་ དེ་ལས་ ཁྲོམ་ལམ་བདའ་སྟེ་ གློག་མེ་མེད་མི་ལུ་བརྟེན་ ཁྲོམ་གྱི་གཞི་རྟེན་མཐུན་རྐྱེན་ ཡར་རྒྱས་གཏང་དགོཔ་འདུག་ཟེར་ཨིན་པས།
ཚོང་པ་ ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ བདག་གཞན་གཉིས་ལུ་ ཕན་ཐོགས་ནིའི་དོན་ལས་ ཚོང་ཁང་གཞི་བཙུགས་ཐོག་ མི་སེར་ཚུ་ལུ་ ཞབས་ཏོག་བྱིན་པའི་སྐབས་ གནམ་བྱཱར་དགུན་མེད་པར་ འཐུང་ཆུའི་དཀའ་ངལ་ཡོདཔ་ལས་ འོང་འབབ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ཁྲོམ་གྱི་ཚོགས་པ་ ཡེ་ཤེས་དབང་མོ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ འཐུང་ཆུ་ལག་ལེན་འཐབ་མི་དེ་ གཡག་སྤུ་སྒང་གཡུས་ཚན་གྱི་ ཆུ་མཛོད་ཁང་ལས་ མཉམ་སྤྱོད་འབད་དོ་ཟེར་ཨིནམ་ད་ འཐུང་ཆུ་བགོ་བཤའ་འཆང་ ནིའི་དོན་ལུ་ ཁྲོམ་གྱི་ཇོ་བདག་རེ་རེ་ལས་ འཐུས་དངུལ་ཀྲམ་༡༢,༠༠༠ དེ་རེ་ སྤྲོད་ཅི་ཟེར་ བཤདཔ་ཨིན་པས།
འཐུང་ཆུ་བགོ་བཤའ་རྐྱབ་སྟེ་ འཐུང་དགོཔ་ཐོནམ་ད་ ཆུ་ལང་མ་ཚུགསཔ་ལས་ རྫོང་ཁག་གི་ ཁྲོམ་སྡེ་དང་ རྒེད་འོག་བདག་སྐྱོང་༢ ལུ་ སྙན་ཞུ་ཕུལ་བའི་ཤུལ་ལུ་ འཐུང་ཆུ་བཏོན་ནི་ འགོ་བཙུགས་ཡོད་རུང་ གྲུབ་འབྲས་བཏོན་མ་ཚུགས་པར་འདུག་ཟེར་ཨིན་པས།
རྫོང་ཁག་ཁྲོམ་གྱི་ འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ སྐྱིད་བདེ་མཁར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་༢ རྫོང་ཁག་ཁྲོམ་གྱི་འོག་ལུ་ ཚུད་དེ་ཡོདཔ་ལས་ ཁྲོམ་སྡེ་༢ གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་༡༢ པའི་ནང་ ལས་རིམ་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
རྫོང་ཁག་ཁྲོམ་སྡེ་ལས་ བཟོ་རིག་འགོ་དཔོན་ རམ་བྷ་དུར་དར་རྒྱས་ཀྱིས་ སླབ་མིའི་ནང་ སྐྱིད་བདེ་མཁར་ཁྲོམ་ དང་ ཡ་ལྡི་ཁྲོམ་༢ ནང་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་གཞི་༡༢ པའི་ ནང་ཚུད་དེ་ཡོདཔ་ལས་ དཀའ་ངལ་བསལ་ཚུགས་ཟེར་ཨིན་པས།
ཡན་ལག་ཁྲོམ་སྡེ་༢ ནང་ འཐུང་ཆུ་བཀྲམ་སྤེལ་འབད་ནི་དང་ ཁྲོམ་ལམ་གྱི་མེ་ དེ་ལས་ གཞན་ཡང་ གཞི་ རྟེན་མཐུན་རྐྱེན་ཚུ་གི་དོན་ལུ་ འཆར་དངུལ་ཚུ་ཡང་ བགོ་བཀྲམ་འབད་དེ་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ འཐོབ་ཚུགས་ཟེར་ཨིན་པས།
དུས་ཅི་ མོང་སྒར་ཁྲོམ་གྱི་ མི་སེར་ཚུ་གི་དོན་ལུ་ སྤུས་ཚད་དང་ལྡན་པའི་ ཁྲོམ་སྦེ་ རྫོང་ཁག་བདག་སྐྱོང་གི་ འཆར་གཞི་གོང་འཕེལ་གུ་ རིག་གསར་ཁག་འབགཔ་གིས་ ཁྲོམ་ནང་འཁོད་ནང་ གཞུང་ལམ་རྒྱ་སྐྱེད་དང་ གཞུང་ལམ་གཡས་གཡོན་ལས་ རྐང་འགྲུལ་ལམ་ གཞུང་ལམ་གྱི་ཟུར་ཁ་ལས་ གཡུར་བ་ཚུ་ སྤུས་ཚད་དང་ ལྡནམ་སྦེ་བཟོ་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།