བླམ་ཚེ་རིང་རྡོ་རྗེ།

སྐྱབས་རྗེ་རྗེ་མཁན་མཆོག་གིས་ སྤ་རོ་སྟག་ཚང་གི་ བླམ་གསར་བསྐོ་གནང་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ དུས་ཆེན་ལྔ་འཛོམས་ཀྱི་ ཉིནམ་ཁྱད་པར་ཅན་དང་བསྟུན་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གཞུང་གྲྭ་ཚང་ལྟེ་བའི་ དཔེ་མཛོད་མདོ་ཆེན་ ཚེ་རིང་རྡོ་རྗེ་ལུ་ བཀྲ་ཤིས་ལེགས་དར་གནང་ཐོག་ལས་ སྤ་རོ་སྟག་ཚང་གི་བླམ་སྦེ་ བསྐོ་བཞག་གནང་ནུག།

བླམ་ཚེ་རིང་རྡོ་རྗེ་དེ་ ཧཱ་ལས་ཨིནམ་ད་ སྐྱེས་ལོ་༧ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་འབད་དེ་ ལོ་ངོ་༡༠ གྱི་རིང་ བདེ་ཆེན་ཕོ་བྲང་སློབ་གྲྭ་ནང་ དཀྱིལ་ཆོག་གི་ཤེས་ཡོན་ མཐིལ་ཕྱིན་སྦེ་ སྦྱང་པའི་ཤུལ་ལུ་ གཞུང་གྲྭ་ཚང་གིས་ རྟ་མགོ་ནང་པའི་མཐོ་རིམ་བཤད་གྲྭ་ནང་ སློབ་སྦྱོང་འབད་བར་ བཏང་ཡོདཔ་ཨིན་པས།

དེ་བསྒང་ སྒྲ་པའི་སློབ་དཔོན་ཞིང་གཤེགས་ཀུན་ལེགས་རྒྱལ་མཚན་དང་ གཙུག་ལག་སློབ་དཔོན་བགྲེསཔ་ བསམ་གཏན་རྡོ་རྗེ་མཆོག་ལས་ གཞུང་རིག་གནས་ལས་འགོ་བཟུང་ འདུལ་བ་དང་ ཚད་མ་ མངོན་པ་ དབུ་མ་ ཕར་ཕྱིན་ལ་སོགས་པའི་ བསྟན་བཅོས་ཚུ་ ལོ་ངོ་༩ སྦྱང་བརྩོན་འབད་དེ་ མཐར་ཕྱིན་མཛད་ཡོདཔ་ད་ དེ་གི་ཤུལ་ལས་ ལྕགས་རི་སྒྲུབ་སྡེ་ལྟེ་བ་ལུ་ སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེའི་ཞབས་སར་བཅར་ཏེ་ ལོ་༥ རིང་ ཕྱག་ཆེན་ཆོས་དྲུག་ལ་སོགས་པའི་ དཔལ་ལྡན་འབྲུག་པའི་གདམས་ངག་ཡོངས་རྫོགས་ཀྱི་དོན་ལུ་ སྒོམ་སྒྲུབ་མཐར་ཕྱིན་ཡོདཔ་ཨིན་པས།

བླམ་ཚེ་རིང་རྡོ་རྗེ་གིས་ གཞུང་གྲྭ་ཚང་ལྟེ་བའི་ དཔེ་མཛོད་མདོ་ཆེན་སྦེ་ ལོ་ངོ་མང་རབས་ཅིག་གི་རིང་ ཕྱག་ཞུ་་ཡོདཔ་ཨིན་པས།སྤ་རོ་སྟག་ཚང་དེ་ དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་རླབས་གནང་བའི་ སྦས་གནས་ཁྱད་པར་ཅན་ཨིན་མི་དེ་ཡང་ གུ་རུ་རིན་པོ་ཆེ་ སྟག་ཚང་ལུ་བྱོན་ཏེ་ བདག་འདྲ་པདྨ་བདུད་འཇོམས་ངས། །མ་འོངས་འགྲོ་བློའི་མུན་ཁམས་སུ། །ཕན་བདེའི་ཉི་མ་འཆར་བའི་ཕྱིར། ། སྟག་ཚང་བསམ་གྲུབ་ཀེའུ་ཚང་དུ། །རང་གི་སྒྲུབ་པ་རང་གིས་བྱས། །བསྟན་པ་མི་ནུབ་དར་རྒྱས་ཕྱིར། །མི་འགྱུར་རྡོ་རྗེ་གཏེར་དུ་སྦས། །ཟེར་ གསུངསམ་བཞིན་དུ་ གུ་རུ་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྐབས་སུ་ མོན་མོ་བཀྲིས་ཁྱེའུ་སྒྲོན་ཡང་ སྐུ་ལུས་འདོད་གུར་བསྒྱུར་ཐོག་ལས་ སྟག་མོའི་ཚུལ་དུ་ སྤྲུལ་ཞིནམ་ལས་ ཆིབས་ཀྱི་རྣམ་པར་མཛད་དེ་ གདུག་པའི་མུ་སྟེགས་བདུད་དང་ དམ་སྲི་ཐམས་ཅད་ག་ར་བཏུལ་ སྡེ་བརྒྱད་དྲེགས་པ་ཅན་ཚུ་ དམ་ལུ་བཏགས་ཞིནམ་ལས་ སྟག་ཚང་དཔལ་ཕུག་ལུ་ སྒྲུབ་པ་གནང་སྟེ་ བཞུགས་ཡོདཔ་ཨིན་པས།

ཤུལ་ལས་ མཁས་སྒྲུབ་གཉིས་ལྡན་གྱི་ བླ་ཆེན་དམ་པ་ མི་ལ་རས་པ་དང་ ཕ་དམ་པ་སངས་རྒྱས་ མ་གཅིག་ལབ་ཀྱི་སྒྲོན་མ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ ཞམས་དྲུང་ངག་དབང་རྣམ་རྒྱལ་ཚུ་གིས་ཡང་ སྒྲུབ་ཁང་དེ་ནང་ སྒྲུབ་པ་གནང་ཡོདཔ་ཨིན་པས།

སྟག་ཚང་དཔལ་ཕུག་གི་ མཐའ་བསྐོར་ཏེ་ ལྷ་ཁང་ངོ་མ་དེ་ སྤྱི་ལོ་༡༦༩༢ ལུ་ སྡེ་སྲིད་༤ པ་ བསྟན་འཛིན་རབ་རྒྱས་ཀྱིས་ བཞེངས་ཡོདཔ་ད་ སྤྱི་ལོ་༡༩༩༨ ཟླ་༤ པའི་ཚེས་༡༩ ལུ་ མེ་མཆོད་བཞེས་ཡོད་རུང་ གནས་རྩ་ཆེ་ཤོས་ དཔལ་ཕུག་སྒྲུབ་ཁང་དེ་ལུ་ གནོད་སྐྱོན་མ་བྱུང་པའི་ཁར་ ནང་རྟེན་ལེ་ཤ་ཅིག་ར་ ཉེན་སྐྱོབ་འབད་ཚུགས་ནུག།

ལྷ་ཁང་དེ་ བཟོ་བཀོད་སྔར་ག་ཨིནམ་སྦེ་ བསྐྱར་བཞེངས་ཐོག་ སྤྱི་ལོ་༢༠༠༥ ཟླ་༣ པའི་ཚེས་༢༦ ལུ་ ཉམས་གསོ་ལེགས་པར་བསྒྲུབས་ཏེ་ རབ་གནས་ཕུལ་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *