༉ བསམ་གྲུབ་ལྗོངས་མཁར་སློབ་གྲྭ་ཆུང་བའི་ ཉེ་འདབས་ལུ་ གདུང་བསམ་ཆུ་ཟམ་དང་པ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༤ ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་གྱི་དོན་ལས་ སྒོ་ཕྱེས་ནུག།
གཞུ་དབྱིབས་བཟུམ་སྦེ་ བཟོ་སྐྲུན་འབད་མི་ རྩི་སའི་ཟམ་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།
གདུང་བསམ་ཟམ་དེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ཕྲང་ལམ་སྦེ་ ལག་ལེན་འཐབ་བཏུབ་ནི་དང་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཐོགས་ལུས་པའི་ དཀའ་ངལ་སེལ་ ཚུགས་ནི་ཨིནམ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༧.༩༢ དེ་ཅིག་ བཏང་ཐོག་ལས་ བཟོ་སྐྲུན་འབད་མི་ ཟམ་དེ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ རྩིས་སྤྲོད་ནུག།
བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ པདྨ་ཆོས་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཟམ་དེ་ རྐང་འཁོར་དང་ མིའི་རྐང་ལམ་ དེ་ལས་ ཁྲོམ་ལམ་གྱི་ མེ་ལ་སོགས་པ་ཚུ་དང་གཅིག་ཁར་ ལག་ལེན་འཐབ་བདེ་ཏོག་ཏོ་སྦེ་ བཟོ་བཀོད་འབད་ཡོདཔ་ལས་ སྣུམ་འཁོར་ཚུ་གིས་མ་ཚད་པར་ རྐང་འགྲུལཔ་ཚུ་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གཞུང་ལམ་བདའ་སྟེ་ ཕྱིའི་མགྱོནམ་ཚུ་འོངམ་ད་ སྣུམ་འཁོར་ཊཱག་ཚུ་གིས་ དཀའ་ངལ་བྱིན་དོ་ཡོདཔ་ལས་ སྣུམ་འཁོར་དེ་ཚུ་ ཕྲང་ལམ་དེ་ལས་ གཏང་ནི་ཨིནམ་ལས་ ཕན་ཐོགས་འབྱུང་ནི་ཨིན་རུང་ ད་ལྟོ་ གནད་དོན་དེ་ལུ་ ཐག་མ་བཅད་ཟེར་ཨིན་པས།
ཟམ་དེ་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ བསམ་གྲུབ་ལྗོངས་མཁར་-བཀྲིས་སྒང་གི་ གཞུང་ལམ་བདའ་སྟེ་ཡོད་མི་ ཁྲིམས་སྲུང་འགག་སྡེའི་ འགེགས་སྲུང་གི་བར་ན་ ལམ་ཀི་ལོ་མི་ཊར་ཕྱེད་དང་༢ དེ་ཅིག་ ཐུང་ཀུ་བཟོ་ཡོདཔ་ལས་ སྣུམ་འཁོར་ཐོགས་ལུས་མི་དང་ ཁྲོམ་སྡེའི་ནང་འཁོད་ ས་ཁོངས་འཆར་གཞི་༤ པའི་ནང་ སྣུམ་འཁོར་ཚུ་གི་ སྐད་ལུ་བརྟེན་ བྱུང་དོ་ཡོད་མི་ དཀའ་ངལ་ཚུ་ སེལ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

པདྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་དེ་ གནམ་བྱཱར་ལུ་ ཆ་རུད་ཐོན་མི་དང་ རྒྱུ་ཆས་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ ཨིནམ་མ་ཚད་ བཟོ་སྐྲུན་ས་ཁོངས་ནང་ཡོད་མི་ འཐུང་ཆུའི་ཆུ་དུང་དང་ གློག་མེའི་ཅ་ཆས་ཚུ་ སྤོ་བཤུད་འབད་ནི་ལུ་ དུས་ཚོད་འགོར་མི་དེ་གིས་ཡང་ བཟོ་སྐྲུན་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
ཟམ་བཟོ་སྐྲུན་གྱི་ལཱ་དེ་ སྤྱི་ལོ་༢༠༡༦ ཟླ་༩ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ ལོ་༢ ནང་ མཇུག་བསྡུ་ཡོདཔ་ཨིན་པས།
ཟམ་དེ་ སྣུམ་འཁོར་ཚུ་གི་དོན་ལུ་ སྒོ་ཕྱེས་ཡོད་རུང་ དེ་ཁ་ལས་ སྤྲིངས་ཟམ་ཅིག་ཡོད་མི་དེ་གིས་ ལྗིད་ཚད་ཊཱན་༢༠ དེ་ཅིག་ལས་ འབག་མི་ཚུགས་དོ་ཡོདཔ་ལས་ དོ་འབག་མི་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མི་ཆོག་ནི་ཨིན་རུང་ སྤྲིངས་ཟམ་གྱི་ཚབ་ལུ་ རྩི་སའི་ཟམ་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།
སྣ྄མ་འཁོར་ཊཱག་གི་དེད་གཡོགཔ་ ཚེ་རིང་རྡོ་རྗེ་དེ་ པདྨ་དགའ་ཚལ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ རྡོ་དཀར་སྐྱེལ་འདྲེན་འབད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ནུབ་མོ་འགྲོ་འགྲུལ་འབདཝ་ད་ འཕྲལ་འཕྲལ་ར་ ཊཱག་ཚུ་གིས་ དཀའ་ངལ་བྱིན་དོ་ཡོདཔ་ལས་ འགྲོ་འགྲུལ་འབད་མི་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།