སྐྱབས་རྗེ་རྗེ་མཁན་མཆོག་གི་ མཛད་པ་འཕྲིན་ལས།

༉ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ དཔལ་ལྡན་འབྲུག་པའི་ མངའ་འབངས་སུ་སྐྱེས་པའི་ འབྲུག་མི་ཡོངས་ལུ་ དུས་བསྐལ་བཟང་པོའི་ཉིནམ་ ཁྱད་པར་ཅན་ཅིག་ཨིན་མི་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ལུ་ རྒྱལ་ཁབ་ནང་ གཟེངས་བསྟོད་ཀྱི་ ངོས་འཛིན་རྟགས་མ་ མཐོ་ཤོས་ མངའ་བདག་དཔལ་གྱི་ འཁོར་ལོ་གནང་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་མས།
སྐྱབས་རྗེ་གིས་ མི་དབང་མཆོག་ལས་ གཟེངས་བསྟོད་རྟགས་མ་ཞུཝ་ད་ རྒྱལ་ཡོངས་ཀྱི་ མི་སེར་ཚུ་གིས་ རྒྱང་མཐོང་ནང་ མཇལ་བའི་སྐབས་ དགའ་སྤྲོ་ཚད་མེད་བྱུང་སྟེ་ མི་དབང་མངའ་ཞབས་མཆོག་དང་ སྐྱབས་རྗེ་རྗེ་མཁན་རྣམ་གཉིས་མཇལཝ་ད་ སངས་རྒྱས་དངོས་ཨིན་པའི་ ཡིད་ཆེས་ལྷག་པར་དུ་བསྐྱེད་ནུག།
སྐྱབས་རྗེ་མཆོག་ལུ་ འདི་བཟུམ་མའི་ རྟགས་མ་གནང་མི་དེ་ཡང་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདིའི་ སངས་རྒྱས་བསྟན་པའི་གཞི་མ་ འཕགས་ཚོགས་འདུས་པ་རྒྱ་མཚོའི་ གཞུང་གྲྭ་ཚང་ཆེན་མོ་འདི་ ལེགས་བསྒྱུར་གནང་ཐོག་ འགྲན་ཟླ་མེད་པའི་ མིག་དཔེ་བཟང་པོ་ཅིག་ལུ་ བསྒྱུར་གནང་སྟེ་ དེང་སང་ འབྲུག་གི་མི་སྡེའི་ནང་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་ལུ་ ཐུགས་བརྩོན་རྒྱ་ཆེཝ་སྦེ་ གནང་མི་ལུ་བརྟེན་ཏེ་ འབྲུག་གི་ཆོས་འབྱུང་ནང་ སྔ་ཕྱི་ནམ་ཡང་ འབྱུང་མ་སྲིད་པའི་ མཆོད་སྡོང་ཆེན་པོ་སྦེ་ ཡིད་ཆེས་བསྐྱེད་ནི་དེ་གིས་ཨིན་མས།
སྐྱབས་རྗེ་མཆོག་ ཁྲི་ཁར་ཕེབས་ཏེ་ ལོ་ངོ་༢༢ ལྷགཔ་ཅིག་གི་རིང་ལུ་ རྒྱལ་ཁབ་ནང་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལས་ ལྷག་པར་དུ་ རྩ་བརྟན་བཟོ་ནི་ལུ་ ཐུགས་ངལ་བ་དང་ འཚེར་བ་མེད་པའི་ ཐུགས་བརྩོན་དང་ ཕྱག་ལཱ་མཛད་གནང་མི་དེ་ མངའ་བདག་དཔལ་གྱི་ འཁོར་ལོ་བཞེས་མི་ལས་ གསལ་སྟོན་འབདཝ་མས།
སྐྱབས་རྗེ་རིན་པོ་ཆེ་མཆོག་ མཁས་དང་གྲུབ་པའི་རྩེ་མོར་སོན་ཅིང་ ལུང་དང་རྟོགས་པའི་བདག་ཉིད་ཆེན་མོ་ སྐུ་གསུང་ཐུགས་ཀྱི་མཛད་བྱ་ ག་ཅིའི་ཐད་ལས་ཡང་ ཚུལ་འཆོས་དང་ མི་མཛེས་པའི་ དྲི་མ་ཀུན་དང་བྲལ་ཞིང་ དུས་དང་རྣམ་པ་ཀུན་ཏུ་ ཞི་ཞིང་འདུལ་བ་དང་ ཤིན་ཏུ་ཉམ་ཆུང་བའི་ མཛད་སྤྱོད་ཁོ་ན་འཛིན་ཏེ་ སྤྱིར་བཏང་གང་ཟག་ཕལ་པ་ཅིག་གི་ཚུལ་སྦེ་བཞུགསཔ་ཨིན།
ཨིན་རུང་ སྐྱབས་རྗེ་རྗེ་མཁན་མཆོག་ལུ་ སྙིང་ཐག་པ་ལས་ དད་མོས་སྦོམ་བསྐྱེད་མི་ སྐལ་ལྡན་གང་ཟག་ཚུ་གི་དོན་ལུ་ རང་རང་སོ་སོ་ གནས་སྐབས་མངོན་མཐོ་དང་ མཐར་ཐུག་ངེས་ལེགས་ཀྱི་ གོ་འཕང་བསྒྲུབ་ནིའི་དོན་ལུ་ སྐྱབས་རྗེ་མཆོག་ བླ་ན་མེད་པའི་སློབ་དཔོན་དང་ གོང་ན་མེད་པའི་བླ་མ་ ཐར་པའི་ལམ་སྟོན་ལུ་ འགྲན་ཟླ་མེད་པའི་མཁས་མཆོག་ དབུ་ཁྲིད་ཡང་དག་ཅིག་ཨིནམ་ལས་ ཚེ་གཅིག་ལུ་ སངས་རྒྱས་ཀྱི་ས་ལུ་བཀོད་པའི་ ནུས་པ་ཡོད་མི་ སངས་རྒྱས་དངོས་ཨིན་པའི་ ཡིད་ཆེས་བསྐྱེདཔ་ཨིན་མས།
སྐྱབས་རྗེ་རྗེ་མཁན་མཆོག་ དགེ་འདུན་གྲྭ་ཚང་ནང་ བཞུགས་པའི་སྐབས་ སྒྲིག་ལམ་ཆོས་གསུམ་ ག་ཅིའི་ཐད་ལས་ཡང་ རྒྱལ་པོའི་བཀའ་ལན་གཅིག་ཟེར་ སླབ་སྲོལ་ཡོད་མི་དང་། །དམ་པས་མང་པོ་ཁས་ཆེས་མི་བྱེད་ཅིང་། །གལ་ཏེ་བཀའ་བའི་ཁས་ནི་བླང་གྱུར་ན། །རྡོ་ལ་རིས་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཟེར་ཐོན་སྲོལ་ཡོད་དོ་བཟུམ་ གནད་དོན་གཅིག་གུ་ ཐུགས་ཐག་བཅད་ཚར་ཞིནམ་ལས་ མ་པ་ལས་ར་ ལོག་སྟེ་ཐུགས་སེམས་འགྱུར་ནི་མེད་མི་ཅིག་འབད་བ་ལུ་བརྟེན་ འཕགས་པའི་དགེ་འདུན་གྲྭ་ཚང་ནང་ མཚན་ཡང་ཀུར་སྟོད་རྡོ་ཕུག་ཟེར་ ཞུཝ་ཨིན་མས།
སྐྱབས་རྗེ་མཆོག་ ཚོས་མདངས་སྣ་ཚོགས་ལྡན་པའི་ ཤེལ་རྡོ་བཟུམ་ཅིག་དང་ ཁ་མདོག་སྣ་ཚོགས་ཡོད་པའི་ རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་མཛེས་པའི་ བྱང་ཆུབ་སེམས་དཔའ་དངོས་ཨིན་པའི་ཁར་ ཨྱོན་གུ་རུ་རིན་པོ་ཆེ་གིས། ང་རྡོ་བཟོ་པདྨ་འབྱུང་གནས་ཡིན། །ང་ཤིང་བཟོ་པདྨ་འབྱུང་གནས་ཡིན། །ང་རྫ་མཁན་པདྨ་འབྱུང་གནས་ཡིན། །ཞེས་གསུངས་པ་ལྟར་ སྐྱབས་རྗེ་མཆོག་ཡང་ བདག་སྐྱོང་གི་མཛད་པ་དང་ ཆོས་ཕྱོགས་ཀྱི་ ལསའཆར་བརྩམ་ནི་ རྩོམ་འབྲི་དང་ སྙན་རྩོམ་ལ་སོགས་པ་ ག་ཅི་ཐད་ལུ་ཡང་ ཐོགས་པ་མེད་པའི་སྒོ་ལས་ མི་མང་ལུ་ ཕན་བདེའི་བྱིན་ཆར་ རྒྱུན་དུ་ཕབ་གནང་བའི་ཁར་ གྲྭ་ཚང་དགོན་སྡེའི་ ལམ་ལུགས་དང་ གནས་སྟངས་ཚུ་ཡང་ དེང་དུས་དང་མཐུན་པར་ ལེགས་བསྒྱུར་གནང་མི་ འགྲན་ཟླ་མེད་པའི་ དབུ་ཁྲིད་ཅིག་སྦེ་ ཆ་བཞགཔ་ཨིན་མས།
འདི་འབདཝ་ལས་ སྐྱབས་རྗེ་མཆོག་གི་ མཛད་པ་འཕྲིན་ལས་ཚུ་ ནམ་མཁའ་བཟུམ་སྦེ་ མཐའ་ཚད་འཇལ་མ་ཚུགསཔ་ཅིག་དང་ རྒྱ་མཚོ་བཟུམ་སྦེ་ གཏིང་ཚད་དཔག་མ་ཚུགསཔ་ཅིག་ཨིནམ་ལས་ ང་བཅས་ག་རའི་དོན་ལུ་ གནས་སྐབས་ལྷ་མིའི་གོ་འཕང་དང་ མཐར་ཐུག་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་ བསྒྲུབ་ནིའི་དོན་ལུ་ སངས་རྒྱས་དངོས་སུ་ རང་སྐལ་དུ་ བཞུགས་ཏེ་ཡོད་མི་འདི་ ང་བཅས་ར་ བསོད་ནམས་དང་ སྐལ་བ་དཔག་ཏུ་མེད་པ་ཡོད་པའི་ བརྡ་མཚོན་ཨིན།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *