བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ འགོ་དཔོན་ཚུ་གིས་ སྐྱབས་རྗེ་མཆོག་ལུ་ མན་ཌལ་ཕུལ་བའི་བསྒང་།

སྐྱབས་རྗེ་མཆོག་ལུ་ མནྜལ་ཕུལ་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ནང་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ལྗགས་ལུང་གནང་སར་ བླ་སྤྲུལ་དང་ བསྟན་པའི་སྦྱིན་བདག་ དེ་ལས་ དད་མོས་ཅན་གྱི་ སྐྱ་སེར་ཕོ་མོ་ཚུ་གིས་ སྐུ་གསུང་ཐུགས་ཀྱི་ མནྜལ་ཕུལ་མིའི་གྱངས་ཁ་དེ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།

ད་ཚུན་ བླ་སྤྲུལ་དང་ ཆོས་སྡེ་ཚུ་གིས་ སྐུ་གསུང་ཐུགས་ཀྱི་ མནྜལ་ཕུལ་མིའི་གྲངས་སུ་ ཞིང་གཤེགས་དམ་པ་ འདུལ་མགོ་མཁྱེན་རྩེ་རིན་པོ་ཆེའི་ཡང་སྲིད་དང་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་ཚུ་ཨིན་པའི་ཁར་ གཞན་ཡང་ རྫོང་ཁག་གི་ རབ་སྡེ་དང་ དགོན་སྡེ་ གྲྭ་ཚང་ ཨ་ནེའི་སྡེ་ལ་སོགས་པ་ཚུ་ཨིན་པས།

སྐུ་གསུང་ཐུགས་ཀྱི་ མན་ཌལ་ཕུལ་མི་ཚུ་ཡང་ ཐིམ་ཕུག་དང་ ཉེ་འདབས་རྫོང་ཁག་གི་ལས་སྡེ་དང་ མི་སེར་ ཚོང་པ་ དེ་ལས་ སྒེར་སྡེ་ཚོགས་པ་ གཞི་ཚོགས་ཚུ་ཨིནམ་བཞིན་དུ་ ཁ་ཙ་ བཀྲིས་སྒང་ཚོང་པ་ སྡེ་ཚན་ཅིག་གིས་ སྐྱབས་རྗེ་མཆོག་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ མནྜལ་ཕུལ་ནུག།

གཞུང་གི་ལས་སྡེའི་གྲས་ལས་འབད་བ་ཅིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གཙོས་པའི་ བློན་པོ་ལྷན་རྒྱས་དང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ གཞུང་མིན་ལས་སྡེ་ རྒྱལ་སྤྱིའི་ལས་སྡེ་གིས་མ་ཚད་པར་ ཕྱི་རྒྱལ་ལས་ཡང་ ཕུལ་མི་ཐོན་ནུག།

རྒྱལ་བའི་གསུང་རབ་ བཀའ་འགྱུར་ལྗགས་ལུང་ ཚོགས་ཆུང་གི་ཁྲི་འཛིན་འོགམ་ མཁན་སྤྲུལ་དགའ་རབ་རྡོ་རྗེ་གིས་ འབད་བ་ཅིན་ སྐུ་གསུང་ཐུགས་ཀྱི་ མན་ཌལ་ཕུལ་མི་ ཉིན་བསྟར་བཞིན་དུ་ སྡེ་ཚན་༢༠ དེ་རེ་ འོངམ་མས་ཟེར་ཨིནམ་ལས་ དེ་ཡང་ མནྜལ་ཕུལ་ནིའི་གོ་སྐབས་ ངོ་རྐྱང་རེ་རེ་བཞིན་ལུ་ ཕུལ་མ་ཚུགས་མི་ལུ་བརྟེན་ སྡེ་ཚན་བཟོ་སྟེ་ ཕུལ་བཅུག་དོ་ཟེར་ཨིན་པས།

སྐུ་གསུང་ཐུགས་ཀྱི་ མན་ཌལ་དེ་ དད་མོས་ཅན་ རང་སོའི་བློ་འདོད་དང་བསྟུན་ ལ་ལོ་གིས་འབུལ་བ་དང་བཅས་པའི་སྒོ་ལས་ ཉུང་ཤོས་དངུལ་ཀྲམ་ ཁྲི་ལས་བཅད་དེ་ འབུམ་གྱི་བར་ནང་ ཕུལ་དོ་ཡོདཔ་ལས་ མནྜལ་ཕུལ་ནིའི་དུས་ཚོད་དེ་ དྲོ་པ་ལྗགས་ལུང་ འགོ་མ་བཙུགས་པའི་སྐབས་དང་ གསོལ་ཇའི་བརམ་ ཉིན་མའི་གསོལཝ་ དེ་ལས་ ཕྱི་རུ་གསོལ་ཇའི་དུས་ཚོད་ཁར་ ཕུལ་དོ་ཡོདཔ་ཨིན་པས།

ཚོགས་ཆུང་གི་ ཁྲི་འཛིན་འོགམ་ བཀྲིས་སྒང་གི་གནས་བརྟན་ མཁན་པོ་ཀརྨ་རང་གྲོལ་གྱིས་ འབད་བ་ཅིན་ བླ་མ་ལུ་མནྜལ་ཕུལ་མི་གིས་ རང་གི་རྒྱུད་ལུ་ བསོད་ནམས་ཀྱི་ ཚོགས་རྫོགས་ནི་ཨིན་མི་དེ་ཡང་ སྐུ་རྟེན་ཕུལ་མི་གིས་ བླ་མའི་སྐུ་ཚེ་བརྟན་ཏེ་ རང་ལུ་ བླ་མའི་སྐུའི་ཡོན་ཏན་ཐོབ་པའི་ རྟེན་འབྲེལ་ཡོད་ཟེར་ཨིན་པས།

དེ་ལས་ གསུང་རྟེན་ཕུལ་བའི་ཕན་ཡོན་དེ་ བླ་མའི་གསུང་འགག་པ་མེད་པ་བཞུགས་ཏེ་ རང་ལུ་ བླ་མིའི་གསུང་གི་ ཡོན་ཏན་ཐོབ་པའི་རྟེན་འབྲེལ་དང་ ཐུགས་ཀྱི་རྟེན་ཕུལ་མི་གིས་ བླ་མའི་ཐུགས་སྟོང་ཉིད་སྙིང་རྗེའི་ངོ་བོར་ཞུགས་ཤིང་ རང་ལུ་ ཐུགས་ཀྱི་ཡོན་ཏན་མཐའ་དག་ཐོབ་པའི་ རྟེན་འབྲེལ་ཨིན་ཟེར་ཨིན་པས།

བླ་མ་ལུ་ཡོན་ཏན་གྱི་ རྟེན་ཕུལ་མི་གིས་ བླ་མིའི་བྲལ་དང་རྣམ་སྨིན་གྱི་ ཡོན་ཏན་རྒྱས་བཞིན་དུ་ རང་ལུ་ བླ་མིའི་ཡོན་ཏན་ཐོབ་པའི་རྟེན་འབྲེལ་དང་ འཕྲིན་ལས་ཀྱི་རྟེན་ཕུལ་མི་གིས་ བླ་མིའི་མཛད་པ་འཕྲིན་ལས་ དར་ཞིང་རྒྱས་པའི་སྒོ་ལས་ རང་གི་བསམ་པའི་ དོན་ཀུན་འགྲུབ་པའི་ རྟེན་འབྲེལ་ཡོད་ཟེར་ མཁན་པོ་ ཀརྨ་རང་གྲོལ་གྱིས་བཤད་ཅི།

སྐུ་གསུང་ཐུགས་ཀྱི་ མནྜལ་གྱི་གྲས་ལས་ སྐུ་རྟེན་དེ་ རྒྱལ་བའི་སྐུ་འདྲ་དང་ གསུང་སངས་རྒྱས་ཀྱི་ གསུང་དཔེ་ཆ་པོ་ཏི་ ཐུགས་མཆོད་རྟེན་ ཡོན་ཏན་དྲིལ་བུ་ དེ་ལས་ འཕྲིན་ལས་བུམ་པ་ལ་སོགས་པ་ཚུ་ ཕུལ་དོ་ཡོདཔ་ད་ དེ་ཡང་ རབ་འབྱུང་པ་ཅིན་ དེ་ཚུ་ རྒྱུ་རིན་ཆེན་གསེར་དང་དངུལ་ གཡུ་ལ་སོགས་པ་ཚུ་གིས་ བསྒྲུབས་མི་ ཕུལ་དོ་ཡོད་རུང་ རྒྱུ་སྦྱོར་པའི་ཁྱད་པར་དང་བསྟུན་ ཟངས་དང་ ལི་གིས་ བསྒྲུབས་མི་ཚུ་ཕུལ་རུང་ མ་བཏུབ་མེད་ཟེར་ཨིན་པའི་གནས་ཚུལ།

 བསྟན་འཛིན་རྣམ་རྒྱལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *