༉ ཆུ་ཁ་རྫོང་ཁག་ སྐྱབས་ཆ་དང་ བྱག་ཕྱོག་རྒེད་འོག་གཉིས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལས་ ཧེ་མའི་འཐུས་མི་༢ གདམ་འཐུ་འབད་ནུག།
དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ སྐྱབས་ཆ་རྒེད་འོག་གི་ འདེམས་ངོའི་འཛོམས་འདུ་ནང་ ད་ལྟོའི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ པདྨ་བསྟན་འཛིན་གྱིས་ ཚོགས་རྒྱན་༤༡༩ ཐོབ་སྟེ་ རྒེད་འོག་གི་ གདམ་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ སངས་རྒྱས་བསྟན་འཛིན་གྱིས་ ཚོགས་རྒྱན་༢༡༢ ཐོབ་ནུག།
སྐྱབས་ཆ་རྒེད་འོག་ལྟེ་བའི་ནང་ གདམ་ངོ་འཛོམས་འདུ་ འགོ་འདྲེན་འཐབ་སར་ མི་༦༣༡ ཚོགས་རྒྱན་བཙུགས་པར་འོང་ནུག།
བྱག་ཕྱོགས་རྒེད་འོག་ནང་ ཆུ་ཁའི་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ སྐྱེས་ལོ་༣༧ ལང་མི་ ཚེ་དབང་ལྷ་མོ་གིས་ དགོ་གི་ཚོགས་རྒྱན་༡༦༥ དང་ མི་དགོ་གི་ཚོགས་རྒྱན་༡༨ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ སྤྱི་ལོ་༢༠༠༨-༢༠༡༣ ཚུན་ རྒྱལ་ཡོངས་ཚོགས་སྡེའི་ འཐིས་མི་སྦེ་ ཕྱག་ཞུ་མི་ གདམ་ངོ་ཚེ་དབང་ལྷ་མོ་ལུ་ མོ་གི་རྒེད་འོག་ནང་ལས་ དོ་འགྲན་འབད་མི་ གཞན་མ་ཐོན་པས།
རྒེད་འོག་དེ་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་༡,༣༨༨ ཡོདཔ་ཨིན་པས།
ད་རེས་ཀྱི་ནང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འཛོམས་འདུའི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ སྐྱབས་ཆ་ལས་ བཟའ་ཚང་ཚུ་གིས་ ལྟོ་བཅིངས་འབག་སྟེ་ ཚོགས་རྒྱན་བཙུགས་པར་འོང་ནུག།
སྐྱབས་ཆ་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༢,༠༡༢ དེ་ཅིག་ ཡོདཔ་ཨིན་རུང་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ ཚོགས་རྒྱན་བཙུགས་པར་འོང་མིའི་ གྱངས་ཁ་དེ་ ཧེ་མ་དང་ཕྱདཔ་ད་ ཡར་འཕར་སོང་ཡི་ཟེར་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
ཚོགས་རྒྱན་སྐྱུར་མི་ ཟླ་བ་རྒྱལ་མཚན་དང་ གནག་ཆུ་གིས་ སླབ་མིའི་ནང་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཡར་སེང་སོང་མི་དེ་ཡང་ གཡུས་ཚན་ཚུ་ནང་ འཁོར་ལམ་ལྷོད་དེ་ སྐྱེལ་འདྲེན་གྱི་ མཐུན་རྐྱེན་ཡོད་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
ཧེ་མའི་ བཙག་འཐུ་ཚུ་གི་སྐབས་ མི་སེར་ཚུ་ ཚོགས་རྒྱན་བཙུགས་པར་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༢ དེ་རེ་ ལམ་འགྱོ་འགོ་ཟེར་ཨིནམ་ད་ དེ་གིས་མ་ཚད་ མི་སེར་ཚུ་གིས་ འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་ནི་དེ་ གལ་ཆེ་དྲགས་ཨིནམ་ ཧ་གོ་ནུག་ཟེར་ ཟླ་བ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ཤེལ་མ་སྒང་ཁ་ལས་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ ཚོགས་རྒྱན་བཙུགས་པར་ འོང་དགོ་མི་དེ་ཡང་ རྫོང་ཁག་དང་ རྒེད་འོག་ གཡུས་ཚན་ཚུ་ནང་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་མི་ འདེམས་ངོ་དེ་ གདམ་འཐུ་འབད་ཐབས་ལུ་ཨིནམ་ད་ གལ་སྲིད་ ལྕོགས་གྲུབ་མེད་པའི་ འདེམས་ངོ་དེ་ གདམ་འཐུ་འབད་བ་ཅིན་ མ་འོངས་པ་ལུ་ གཞུང་དང་ རྫོང་ཁག་ དེ་ལས་ གྲོང་གཡུས་གནས་རིམ་གྱི་ མི་སེར་ཚུ་ལུ་ ཐོ་ཕོག་ཉེན་ཡོད་མི་ལུ་བརྟེན་ དྲག་ཤོས་ནང་ལས་ དྲག་ཤོས་གདམ་འཐུ་འབད་ནི་དེ་ ཁག་ཆེ་ཟེར་ བཤདཔ་ཨིན་པས།
ཆུ་ཁ་རྫོང་ཁག་དེ་ནང་གདམ་ངོ་འཛོམས་འདུ་དེ་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ སྦོང་སྒོ་རྒེད་ལས་ འགོ་བཙུགས་ཡོདཔ་ད་ འཛོམས་འདུ་མཇུག་ར་ སྤྱི་ཟླ་༣ པའི་ཚེས་༥ ལུ་ གད་ལྟག་ནང་རྒེད་འོག་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།