སྐྱ་ནམ་གྱི་གོང་ཚད་ ཡར་སེང་འགྱོ་ནིའི་ ཚ་གྱང་ལང་མ་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སྐྱ་ནམ་གྱི་གོང་ཚད་ཚུ་ ཡར་སེང་མི་འགྱོ་ནིའི་ཐབས་ལམ་སྦེ་ བཟའ་འཐུང་གི་རིགས་ཚུ་ནང་ ཁྲལ་ཀླད་ཀོར་བཞག་སྟེ་ཡོད་རུང་ གཙོ་བོ་ར་ རང་སོ་གིས་ ཁག་མ་ཆེ་བའི་རིགས་ཚུ་ ཉོ་སྒྲུབ་འབད་ནི་ལས་ འཛེམ་དགོ་ཟེར་ཞུ་ཡི།
དེ་ཡང་ མཁར་གཡུ་རུང་གི་འཐུས་མི་ ཚེ་རིང་ཆོས་སྒྲོན་གྱིས་ བསྟན་རྒྱས་བློན་པོ་ལུ་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཞི་གཡོག་གི་ དངུལ་ཕོགས་གཞི་སྒྱུར་འབད་བའི་ཤུལ་ལས་ ཁང་གླ་ལས་འགོ་བཙུགས་ བཟའ་འཐུང་གི་གོང་ཚད་ཚུ་ ཡར་སེང་འགྱོ་བའི་ ཚ་གྱང་ཡོད་པའི་ཁར་ འབྲུག་མི་ཚུ་ཡང་ གནས་སྟངས་དེ་ལུ་བརྟེན་ ལ་ལོ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་ དཔེ་ཆ་ ལྷབ་ནི་དང་ ལཱ་འབད་ནིའི་གོ་སྐབས་འཚོལ་ཏེ་ འགྱོཝ་ཨིན་མས་ཟེར་ཞུ་ཡི།
ལྷན་ཁག་གིས་ གོང་ཚད་ཚུ་ ཚུལ་དང་ལྡནམ་སྦེ་ བཞག་ཐབས་འབད་ནིའི་དོན་ལུ་ ག་ཅི་ར་འབད་དོ་ག་ཟེར་ དྲི་བ་བཀོད་པའི་ལན་ལུ་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ཚ་གྱང་སྦོམ་ཤོས་ར་ འཛམ་གླིང་ནང་ དཔལ་འབྱོར་གྱི་གནས་སྟངས་ མར་ཉམས་འགྱོ་མི་དང་ གཞན་མི་དེ་ གོང་ཚད་ཡར་སེང་འགྱོ་མི་དེ་ ཨིན་ཟེར་ཞུ་ཡི།
རྒྱལ་ཁབ་ལ་ལོ་ཅིག་ནང་ གོང་ཚད་ཡར་སེང་སྦོམ་སོང་སྟེ་ བཟའ་འཐུང་ནང་ སྟབས་མ་བདེཝ་བྱུང་པའི་ཁར་ རྒྱ་གར་ལུ་བལྟ་རུང་ ད་རེས་ནངས་པར་ཡང་ ཕྱིར་ཚོང་དེ་ བརྒྱ་ཆ་༡༧ གྱིས་ མར་བབས་སོང་སྟེ་ཡོདཔ་ལས་ དེ་གིས་ ང་བཅས་ལུ་ཡང་ ཚ་གྱང་ཡོད་ཟེར་ཞུ་ཡི།
ཨིན་རུང་ སྤྱི་ཟླ་༩ པའི་ནང་ སྐྱ་ནམ་གྱི་གོང་ཚད་དེ་ བརྒྱ་ཆ་༦.༥ ཡར་སེང་སོང་ཡོད་རུང་ བཟའ་འཐུང་ནང་ ཡར་སེང་དེ་ བརྒྱ་ཆ་༤.༢༤ ལས་ མ་འགྱོ་མི་དེ་ རྟགས་མཚན་ལེགས་ཤོམ་འདུག་ཟེར་ཞུ་ཡི།
སྐྱ་ནམ་གྱི་གོང་ཚད་ ཡར་སེང་དེ་ཡང་ སྣུམ་འཁོར་གྱི་མར་ཁུ་ལུ་བརྟེན་ བཀབ་གོ་ལ་དང་ ནང་ཆས་ སྐྱེལ་འདྲེན་ཚུ་ནང་ཨིནམ་ལས་ ད་ལྟོའི་གནས་སྟངས་ནང་ བྱ་སྟབས་བདེཝ་སྦེ་ར་ ཡོད་ཟེར་ཞུ་ཡི།
སྐྱ་ནམ་གྱི་ཁྲལ་ལས་བཅད་རུང་ གོང་ཚད་ཡར་སེང་མི་འགྱོ་ནིའི་དོན་ལུ་ བཟའ་འཐུང་ནང་ ཁྲལ་བརྒྱ་ཆ་ཀླད་ཀོར་སྦེ་ བཞག་མི་དེ་ཡང་ གོང་ཚད་ཡར་སེང་མི་འགྱོ་ནིའི་ ཐབས་ལམ་སྦེ་ཨིན་ཟེར་ཞུ་ཡི།
དེ་མ་ཚད་ དངུལ་ཕོགས་གཞི་སྒྱུར་ནང་ དངུལ་ཕོགས་ལེ་ཤ་སྦེ་ ཡར་སེང་འབད་དེ་མེདཔ་ལས་ དེ་གིས་ གོང་ཚད་ལུ་ ཐོ་ཕོག་དགོ་པའི་ གནད་དོན་ཅིག་ མ་མཐོང་ཟེར་ཞུ་ཡོདཔ་ད་ གོང་ཚད་ནང་ སྟབས་མ་བདེཝ་འཐོན་ནིའི་ཚ་གྱང་ སེམས་ཁར་བཞག་སྟེ་ ལཱ་འབད་ཡོད་པའི་ཁར་ ངོ་རྐྱང་ཚུ་གིས་འབད་རུང་ རང་ལུ་ ངེས་པར་དུ་ ཉོ་དགོ་པའི་རིགས་ཚུ་མ་གཏོགས་ དགོས་མཁོ་མེད་མི་ཚུ་ ཉོ་སྒྲུབ་འབད་ནི་ལས་འཛེམ་པ་ཅིན་ དེ་གིས་ཡང་ ཕན་ཐོགས་ཚུགས་ཟེར་ཞུ་ཡི།
ད་རེས་ ཏི་རུ་གསོག་འཇོག་འབད་ཚུགས་པ་ཅིན་ ཤུལ་ལས་ དཔལ་འབྱོར་གནས་སྟངས་ སྐྱོ་སུ་འགྱོ་བའི་སྐབས་ ཕན་ཐོགས་ཟེར་ བློན་པོ་གིས་ཞུ་ཡི།
དཀའ་ངལ་དེ་ སེལ་ཐབས་འབད་ནིའི་དོན་ལུ་ སོ་ནམ་གྱི་ཅ་ཆས་ཚུ་ཡང་ ནང་འཁོད་ལས་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཚུ་དང་འཁྲིལ་ ལཱ་འབད་བའི་བསྒང་ཡོདཔ་ད་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ཡང་ ལྟ་རྟོག་འབད་དོ་ཟེར་ཞུ་ཡི།
ལྟ་རྟོག་འབད་ཚུགས་ཚུགསཔཔ་ཅིག་ ལྷན་ཁག་གིས་འབད་ནི་ཨིན་རུང་ ཏི་རུ་ཚད་འཛིན་ཐོག་ལས་ ལག་ལེན་འཐབ་ནི་ལུ་ བཙོན་ཤུགས་བསྐྱེད་དགོ་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *