སྐྱ་ནམ་གྱི་གོང་ཚད་ ཚད་འཛིན་འབད་མ་ཚུགས་པར་ ཡར་འཕར་སོང་ཡོདཔ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་འཁྲིལཝ་ད་ ནད་ཡམས་ཀོ་བིཌ་-༡༩ འི་ ངེས་མེད་གནས་སྟངས་ལུ་བརྟེན་ དཔལ་འབྱོར་ལུ་ ཐོ་ཕོག་ཡོདཔ་ལས་ སྐྱ་ནམ་གྱི་གོང་ཚད་ དུམ་གྲ་ཅིག་ལས་བརྒལ་ ཚད་འཛིན་འབད་མི་ཚུགས་པས་ཟེར་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༣༠ ལུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཡོངས་འབྲེལ་ཐོག་ལས་ ཟླ་རིམ་གྱི་ ཞལ་འཛོམས་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་གྱིས་ ཁྲོམ་ཁར་ སྐྱ་ནམ་གྱི་གོང་ཚད་ཡར་འཕར་སོང་མི་ལུ་བརྟེན་ མང་ཤོས་ཅིག་གིས་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།

ང་བཅས་རའི་ཁྲོམ་ཁར་ སྐྱ་ནམ་གྱི་གོང་ཚད་ཡར་སེང་སོང་མི་དེ་ ཐད་ཀར་དུ་ རྒྱ་གར་གྱི་ སྐྱ་ནམ་ཚུ་གི་ གོང་ཚད་ཚུ་ ཡར་འཕར་སོང་མི་ལུ་བརྟེན་ཨིནམ་ལས་ གཞུང་ལུ་ ཁ་ཉེས་བཀལ་ནི་ལུ་ཡང་ དྲང་བདེན་མི་མཐོང་པས་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྐྱ་ནམ་གྱི་གོང་ཚད་ཚུ་ རྒྱ་གར་ལས་ར་ ཡར་སེང་སོང་ཡོདཔ་ལས་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ མ་ཐོནམ་ལས་ར་ སྐྱ་ནམ་གྱི་གོང་ཚད་ཚུ་ ཚད་འཛིན་འབད་ནི་ལུ་ འོས་འབབ་ཅིག་མིན་འདུག་ཟེར་ཨིན་པས།

བློན་ཆེན་གྱིས་ དཔེ་བཟུམ་ཅིག་སྦེ་ སླབ་མིའི་ནང་ ཧེ་མ་ ནང་འདྲེན་འབད་བའི་ རྡོག་མ་པཱོན་༡ ལུ་ དངུལ་ཀྲམ་༤༠༠ གནས་མི་དེ་ ད་རེས་ དངུལ་ཀྲམ་༧༥༠ དེ་ཅིག་ སླབ་མས་ཟེར་ཨིནམ་ད་ ཨིན་རུང་ ནད་ཡམས་ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་འབད་དེ་ ཕྱི་ཁར་འཐོན་མ་ཆོགཔ་བཟོ་སྟེ་ སེམས་ཁམས་ལུ་ དུམ་གྲ་ཅིག་ དཀའ་ངལ་བྱུང་ཡོདཔ་མ་གཏོགས་ མི་ཚུ་གིས་ འཚོ་བ་སྐྱོང་ནི་ལུ་ སྟབས་མ་བདེཝ་ ག་ནི་ཡང་མ་འབྱུང་ཟེར་ཨིན་པས།

དེ་བཟུམ་སྦེ་ ཏི་རུ་གི་ དཀའ་ངལ་མ་བྱུང་མི་དེ་ དཔལ་འབྱོར་དེ་གཙོ་བོ་ར་ གཞུང་གིས་ ཟད་འགྲོ་ལུ་བརྟེན་ཨིན་མི་དེ་ཡང་ ཀོ་བིཌ་-༡༩ སྐབས་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ཨིན་པས།

གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༣༨.༩༤༦ བགོ་བཀྲམ་འབད་མི་དེ་ འཆར་གཞི་༡༢ པའི་ གསར་སྒྲུབ་འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༣༣ བརྩིས་ཨིནམ་ད་ ད་རེས་ གསར་སྒྲུབ་འཆར་དངུལ་དེ་ ལག་ལེན་འཐབ་པའི་བསྒང་ཡོདཔ་ཨིན་པས།

ཨིན་རུང་ དཔལ་འབྱོར་མཁས་མཆོག་ཚུ་དང་འཁྲིལཝ་ད་ སྐྱ་ནམ་གྱི་གོང་ཚད་དེ་ ཡར་འཕར་སོང་རུང་ གཞུང་གི་ཟད་འགྲོ་ ཡར་སེང་སོང་སྟེ་ཡོདཔ་ད་ བློན་ཆེན་གྱིས་ བཤད་མིའི་ནང་ མི་དབང་རྒྱལ་པོའི་རྒུད་གསོའི་ལས་རིམ་ལུ་བརྟེན་ དཔལ་འབྱོར་ནང་ དངུལ་འབབ་ནི་ལུ་ ལྷན་ཐབས་བྱུང་ཚུགས་ཏེ་ཡོད་ཟེར་ཨིན་པས།

འདས་པའི་ལོ་༡ ནང་འཁོད་ལུ་ མི་དབང་རྒྱལ་པོའི་ རྒུད་གསོའི་ལས་རིམ་བརྒྱུད་དེ་ མི་སེར་ཚུ་ལུ་ དངུལ་ཀྲམ་ཐེར་འབུམ་༡༢ དེ་ཅིག་ འཛིན་གྲོལ་འབད་ཡོདཔ་ད་ ངོ་རྐྱང་ཚུ་གི་ སྤྱོད་ནི་ལམ་ལུགས་དེ་ཡང་ མར་ཕབ་མ་འགྱོ་བར་འདུག་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལཝ་ད་ ཀོ་བིཌ་-༡༩ ལུ་བརྟེན་ ནང་འདྲེན་མར་ཕབ་འབད་ཡོད་རུང་ ཚོད་བསྲེ་དང་ ཤ་ ཨོམ་གྱི་ཐོན་སྐྱེད་ དེ་ལས་ རྡོག་མ་པ་ནེ་ཚུ་ ནང་འདྲེན་འབད་ནི་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།

སྐྱ་ནམ་གྱི་གོང་ཚད་ ཡར་འཕར་སོང་མིའི་ཐད་ཁར་ དཔལ་འབྱོར་མཁས་མཆོག་གིས་ བཤད་མིའི་ནང་ མི་སེར་ཚུ་གིས་ གཞི་རྟེན་གྱི་ ཉེར་མཁོའི་ཅ་ཆས་ཚུ་ ཐོབ་ནི་ལུ་ གདོང་ལེན་བྱུང་སྟེ་འདུག་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༢ པའི་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ སྐྱ་ནམ་གོང་ཚད་ཀྱི་ གནས་སྡུད་དང་འཁྲིལཝ་ད་ འདས་པའི་ལོ་དང་ཕྱདཔ་ད་ སྐྱ་ནམ་གྱི་གོང་ཚད་དེ་ བརྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་སྟེ་ཡོད་མི་དེ་ཡང་ ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་ཁབ་ནང་ བཟའ་འཐུང་གི་རིགས་ཚུ་ བཀྲམ་སྤེལ་འབད་ནི་ལུ་ ཐོ་ཕོག་མི་ལུ་བརྟེན་ཨིན་པས།

སྤྱིར་སྙོམས་ནང་ ལོ་བསྟར་ཉོ་སྤྱོད་གོང་ཚད་དེ་ སྤྱི་ལོ་༢༠༡༩ ལུ་ བརྒྱ་ཆ་༢.༧༣ ཡོད་མི་ལས་ ན་ཧིང་ བརྒྱ་ཆ་༥.༦༣ ལུ་ ཡར་སེང་སོང་སྟེ་ཡོད་པའི་ཁར་ བཟའ་འཐུང་ཡང་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༡.༠༩ དེ་ཅིག་ ཡར་སེང་སོང་ནུག།

དེ་འབདཝ་ལས་ ན་ཧིང་ བཟའ་ཚང་ཅིག་གིས་ ཟླ་རིམ་བཞིན་དུ་ བཟའ་འཐུང་གི་རིགས་ལུ་ དངུལ་ཀྲམ་༥,༠༠༠ དེ་རེ་ བཏང་མི་དེ་ ད་རེས་ དངུལ་ཀྲམ་༥༥༠ དེ་ཅིག་གི་ ཡར་སེང་སོང་ཡོདཔ་ཨིན་པས།

ནད་ཡམས་ལུ་བརྟེན་ རྒྱ་གར་ལས་ ནང་འདྲེན་འབད་ནི་ལུ་ བཀག་ཆ་འབདཝ་ལས་ རྩིས་ལོ་༢༠༡༩-༢༠ གི་ མཇུག་བསྡུ་ནི་གུ་ལྷོདཔ་ད་ བཟའ་འཐུང་གི་གོང་ཚད་ ཡར་སེང་སོང་ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ བཟའ་འཐུང་མིན་པའི་ ལོ་བསྟར་སྤྱིར་སྙོམས་གོང་ཚད་དེ་ དེ་ཅིག་ཁར་ ཡར་སེང་སོང་སྟེ་མེད་རུང་ འདས་པའི་ལོ་དང་ཕྱདཔ་ད་ བཟའ་འཐུང་མེན་པའི་གོང་ཚད་དེ་ བརྒྱ་ཆ་༡.༢༤ དེ་ཅིག་ ཡར་སེང་སོང་ནུག།

འདས་པའི་ཟླཝ་༡༢ ཀྱི་ནང་འཁོད་ལུ་ དངུལ་ཀྲམ་༡༠༠ འི་གནས་གོང་དེ་ བརྒྱ་ཆ་༧.༡༦ དེ་ཅིག་ མར་བབས་སོང་ཡོདཔ་ད་ དངུལ་ཀྲམ་ཉོ་སྤྱོད་ཀྱི་གོང་ཚད་དེ་ སྤྱི་ལོ་༢༠༡༢ དང་ཕྱདཔ་ད་ སྤྱི་ལོ་༢༠༢༠ ལུ་ དངུལ་ཀྲམ་༦༦ ཨིན་པས།

སྐྱ་ནམ་གོང་ཚད་ཀྱི་ཁྱད་པར་དེ་ཡང་ སྤྱིར་སྙོམས་ལུ་ ཅ་དངོས་དང་ཞབས་ཏོག་གི་ གོང་ཚད་བསྒྱུར་བཅོས་སོང་ཡོདཔ་བཞིན་དུ་ དུས་ཡུན་དེ་ནང་ ཁྱིམ་གུང་ཚུ་གིས་ མཁོ་སྒྲུབ་འབད་མི་ཚུ་ ལྟ་དོ་ཡོདཔ་ཨིན་པས།

སྙན་ཞུའི་དོན་ལུ་ ཅ་དངོས་དང་ཞབས་ཏོག་གི་ དཔེ་ཚད་ཚུ་ཡང་ རྫོང་ཁག་༢༠ ལས་ ཟླ་རིམ་དང་ ཟླཝ་༣ གྱི་བར་ན་ཚར་རེ་ དེ་ལས་ ཅ་ཆས་ཀྱི་ གོང་ཚད་འགྱུར་བ་དང་འཁྲིལ་ཏེ་ ལོ་བསྟར་སྦེ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།

ལྟ་རྟོག་པ་ཚུ་གིས་ བཤད་མིའི་ནང་ སྐྱ་ནམ་གོང་ཚད་ ཡར་འཕར་གྱི་དོན་ལུ་ གཞུང་གིས་ དངུལ་འབྲེལ་དང་ དངུལ་ཁུངས་ཀྱི་སྲིད་བྱུས་ གཞི་བཙུགས་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *