༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ སྐྱ་ནམ་རིན་ཐང་ཚད་གཞིའི་ གནས་སྡུད་བསྡུ་སྒྲིག་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ གྱི་ཟླཝ་༡༠ པ་ལས་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་འཁོད་ལུ་ སྐྱ་ནམ་གྱི་གོང་ཚད་ བརྒྱ་ཆ་༢.༩༥ དེ་ཅིག་ ཡར་འཕར་སོང་ནུག་ཟེར་ ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ནང་ སྐྱ་ནམ་གྱི་ གོང་ཚད་ཡར་འཕར་དེ་ བརྒྱ་ཆ་༢.༥༨ འབདཝ་ད་ ད་རེས་ བརྒྱ་ཆ་༠.༣༧ ཁྱད་པར་ཞུགས་ཡོདཔ་ཨིན་པས།
སྤྱིར་སྙོམས་ལུ་ ཁྲོམ་ཁར་སིལ་ཚོང་གི་ གོང་ཚད་དང་ ཁྱིམ་གུང་རེ་གིས་ ཉིན་བསྟར་བཞིན་དུ་ ཉོ་སྤྱོད་འབད་ནི་ཚུ་ ཡར་འཕར་དོ་ཡོདཔ་ཨིན་པས།
གནས་སྡུད་ནང་ ལོ་རིམ་བཟའ་ཆས་དང་ བཟའ་ཆས་མ་ཡིན་པའི་ གོང་ཚད་གཉིས་ཆ་ར་ འདས་པའི་ཟླཝ་དང་ཕྱདཔ་ད་ བརྒྱ་ཆ་༤ དང་ བརྒྱ་ཆ་༢.༢༦ དེ་ ཡར་སེང་སོང་ནུག་ཟེར་བཀོད་ནུག།
ནང་འཁོད་ཀྱི་ ཅ་དངོས་དང་ ཞབས་ཏོག་གི་ཐད་ཀར་ བརྒྱ་ཆ་༢.༥༧ ཡར་འཛེགས་མི་དེ་ཡང་ བཟའ་ཆས་དང་ བཟའ་ཆས་མིན་པའི་ གོང་ཚད་ཚུ་ བརྒྱ་ཆ་༤.༢༠ དང་ བརྒྱ་ཆ་༡.༦༣ དེ་ཅིག་ ཡར་སེང་སོང་ནི་དེ་གིས་ཨིན་པས།
ཟླཝ་དེ་ནང་ ནང་འཁོད་ཀྱི་ ཅ་དངོས་དང་ཞབས་ཏོག་ཚུ་དང་ཕྱདཔ་ད་ ནང་འདྲེན་ཡར་སེང་སོང་མི་དེ་ཡང་ བཟའ་ཆས་དང་ བཟའ་ཆས་མིན་པའི་ གོང་ཚད་ཚུ་ བརྒྱ་ཆ་༢.༩ དེ་ཅིག་ ཡར་འཕར་སེང་སོང་ནུག་ཟེར་ གནས་སྡུད་ནང་བཀོད་ནུག།
སྤྱི་ལོ་༢༠༡༧ དང་ དུས་ཅི་སྤྱི་ཟླ་༡༠ པའི་ནང་འཁོད་ལུ་ བཟའ་ཆས་ཀྱི་རིགས་ ལེ་ཤ་ཡོད་པའི་གྲས་ལས་ ཉ་གི་གོང་ཚད་དེ་ བརྒྱ་ཆ་༩.༡༥ དེ་ཅིག་ ཡར་འཛེགས་ཡོདཔ་བཞིན་དུ་ ཨོམ་དང་ དར་ཚིལ་ དེ་ལས་ སྒོང་རྡོག་གི་ གོང་ཚད་ཚུ་ཡང་ བརྒྱ་ཆ་༧.༥༩ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
བཟའ་ཆས་མ་ཡིན་པའི་ཐད་ཀར་ ས་སྣུམ་བརྒྱ་ཆ་༦.༩༠ དེ་ཅིག་ ཡར་སེང་སོང་ཡོདཔ་བཞིན་དུ་ བརྒྱུད་འཕྲིན་དང་ པར་འཕྲིན་གྱི་ ཞབས་ཏོག་ཚུ་ བརྒྱ་ཆ་༤.༥༢ དེ་ཅིག་ ཡར་འཕར་སོང་ཡོདཔ་བཞིན་དུ་ སྐྱ་ནམ་རིན་ཐང་ ཚད་གཞི་དེ་ དཔལ་འབྱོར་སྲིད་བྱུས་ དོན་སྨིན་ཡོད་མེད་ཚུ་ བལྟ་ཚུགས་ནི་གི་ དཔལ་འབྱོར་བརྡ་སྟོན་སྦེ་ ལག་ལེན་འཐབ་ནི་ཨིན་པས།
སྐྱ་ནམ་རིན་ཐང་ཚད་གཞི་གི་དོན་ལུ་ སིལ་ཚོང་དང་ སྒོ་ཚོང་པ་ ཟ་ཁང་ དེ་ལས་ ཞབས་ཏོག་བྱིན་མི་བརྩིས་ཏེ་ དཔེ་ཚད་༥༥༧ ལས་ གོང་ཚད་ཚུ་ ཟླ་རིམ་བཞིན་དུ་ བསྡུ་ལེན་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།