སྐྱ་ནམ་གྱི་གོང་ཚད་ཡར་སེང་གིས་ དངུལ་ཀྲམ་གྱི་ ནུས་ཤུགས་གནས་གོང་མར་བབས།

༉ སྐྱ་ནམ་གྱི་གོང་ཚད་ཚུ་ ཡར་སེང་མི་དང་བསྟུན་ དུས་ཅི་ སྤྱི་ཟླ་༧ པ་ལས་འགོ་བཙུགས་ དངུལ་ཀྲམ་གྱི་གནས་གོང་དེ་ཡང་ དངུལ་ཀྲམ་༦༤ གི་རྩིས་ལུ་ མར་བབས་སོང་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ནང་ སྐྱ་ནམ་གྱི་རིགས་ ཉོ་ཚོང་འཐབ་པའི་སྐབས་ཀྱི་ གོང་ཚད་དང་ཕྱདཔ་ད་ སྤྱི་ཟླ་༧ པའི་ནང་ལས་ དངུལ་ཀྲམ་༡༠༠ གི་ མཁོ་ཆས་ཉོཝ་ད་ དངུལ་ཀྲམ་༦༤ གི་ མཁོ་ཆས་མ་གཏོགས་ མི་ཐོབ་ནི་དེ་གིས་ཨིན་པས།

དེ་གིས་ འདས་པའི་ཟླཝ་༡༢ ཀྱི་ནང་འཁོད་ལུ་ དངུལ་ཀྲམ་གྱིས་ཉོ་མིའི་ ནུས་ཤུགས་དེ་ བརྒྱ་ཆ་༤.༩༠ གིས་ མར་བབས་ སོང་བའི་ རྟགས་མཚན་བཏོན་དོ་ཡོད་མི་དེ་ གཙོ་བོ་ར་ དཔལ་འབྱོར་གྱི་ གནས་སྟངས་ལུ་བརྟེན་ གོང་ཚད་ཚུ་ ཡར་སེང་སོང་ ཡོདཔ་ཨིན་པས།

གནས་གོང་དེ་ཡང་ ན་ཧིང་ སྤྱི་ཟླ་༦ པ་ལས་ དུས་ཅི་ སྤྱི་ཟླ་༧ པ་ཚུན་ལུ་ གོང་ཚད་ཀྱི་ཁྱད་པར་ ག་དེ་སྦེ་ར་ སོང་ཡོདཔ་ ཨིན་ན་ལུ་ གཞི་བཞག་ཐོག་ལས་ཨིན་པས།

ད་རེས་ཟླཝ་ནང་ གསལ་སྟོན་འབད་མི་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ གནས་སྡུད་དང་འཁྲིལཝ་ད་ ལོ་བསྟར་གྱི་ གོང་ཚད་ཁྱད་པར་མཐོ་ཤོས་བཟོ་མི་ ཟ་ཆས་དང་ ཆང་མིན་པའི་ འཐུང་ནིའི་རིགས་ཚུ་ནང་ བརྒྱ་ཆ་༣.༥༢ ཀྱིས་ ཡར་སེང་སོང་ཡོདཔ་ཨིན་པས།

དེ་ཡང་ སྣུམ་རིགས་དང་ འབྲུ་སྣའི་རིགས་ནང་ བརྒྱ་ཆ་༢༠.༢༠ དང་༦.༧༧ རེ་གི་རྩིས་ ཡར་སེང་སོང་ཡོདཔ་ད་ སྐྱེལ་འདྲེན་ འབད་བ་ཅིན་ མར་ཁུའི་གོང་ཚད་ ཡར་སེང་མི་ལུ་བརྟེན་ བརྒྱ་ཆ་༧.༦༢ ཀྱིས་ ཡར་སེང་སོང་ཡོདཔ་ད་ ཌི་ ཟིལ་དང་ པེ་ཊོལ་གྱི་གོང་ཚད་དེ་ བརྒྱ་ཆ་༣༣ དེ་ཅིག་གི་རྩིས་ ཡར་སེང་སོང་ཡོདཔ་ཨིན་པས།

ཡར་སེང་གི་གྲས་ལས་ མཐོ་ཤོས་ར་ ཆང་དང་ རྡོག་མ་ཚུ་ བརྒྱ་ཆ་༡༦.༩༦ གིས་ ཡར་སེང་སོང་མི་དེ་ཨིནམ་ད་ དེ་ཡང་ རྡོག་མའི་གོང་ཚད་ བརྒྱ་ཆ་༢༦.༧༤ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།

ཨིན་རུང་ འདས་པའི་ལོ་ཅིག་ནང་ བརྒྱུད་འབྲེལ་ནང་འབད་བ་ཅིན་ བརྒྱ་ཆ་༡༠.༩༢ ཀྱིས་ མར་བབས་སོང་ཡོདཔ་བཞིན་དུ་ དེ་ཚུ་ འགྲུན་འཕྲིན་དང་ ཌེ་ཊ་གི་སྤྱོད་འཐུས་ མར་ཕབ་འབད་མི་ལུ་བརྟེན་ཨིན་པས།

ཟླ་རིམ་ལས་འབད་པ་ཅིན་ གོང་ཚད་བརྒྱ་ཆ་༡.༠༩ གི་རྩིས་ ཡར་སེང་སོང་ཡོདཔ་ད་ དེ་ཁར་ ཟ་འཐུང་མེན་པའི་རིགས་ བརྒྱ་ཆ་༡.༦༣ གྱིས་ ཡར་སེང་སོང་མི་དེ་ མཐོ་ཤོས་ཨིནམ་ད་ བཀབ་གོ་ལ་དང་ སྐྱེལ་འདྲེན་གྱི་ཅ་ཆས་ཚུ་ བརྒྱ་ཆ་༢.༥༩ དང་༡.༩༥ རེ་སོང་མི་དེ་གིས་ ཟ་འཐུང་མེན་པའི་རིགས་ནང་ ཁྱད་པར་སྦོམ་བཟོ་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༠ ལས་ ད་ཚུན་ལུ་ གོང་ཚད་ཀྱི་ཁྱད་པར་ སོང་མི་ལུ་བལྟ་བ་ཅིན་ ན་ཧིང་ སྤྱི་ཟླ་༡ པ་ལས་འགོ་བཙུགས་ སྤྱི་ཟླ་༡༢ པ་ཚུན་ ཡར་སེང་ཧ་ལམ་སོང་ཡོད་རུང་ དུས་ཅི་ ཟླ་དང་པ་ལས་ཟླ་༤ པ་ཚུན་ལུ་ མཐོ་ཤོས་ཨིནམ་ད་ སྤྱི་ཟླ་༤ པ་ལས་ ད་རུང་ མར་བབས་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ལོ་བསྟར་གྱི་ ཁྱད་པར་འབད་རུང་ ན་ཧིང་ སྤྱི་ཟླ་༦ པའི་ནང་ བརྒྱ་ཆ་༧.༥༦ གི་ཁྱད་པར་ཡོད་ས་ལས་ དུས་ཅི་ ཟླ་༢ པའི་ནང་ བརྒྱ་ཆ་༩.༥༤ ལུ་ ལྷོད་མི་དེ་ མཐོ་ཤོས་ཨིན་པས།

སྤྱི་ཟླ་༣ པ་ལས་འགོ་བཙུགས་ ད་རུང་ མར་བབས་འགྱོ་ནི་འགོ་བཙུགས་ཏེ་ ཟླ་༦ པའི་ནང་ བརྒྱ་ཆ་༧.༤༢ ལུ་ ལྷོད་དེ་ ཟླ་༧ པའི་ནང་ བརྒྱ་ཆ་༥.༡༥ ལུ་ ལྷོད་ནུག།

གོང་ཚད་ཁྱད་པར་སོང་མི་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་སྐོར་ལས་ གསལ་སྟོན་འབད་བའི་ཁར་ དེ་གིས་ སྲིད་ བྱུས་དང་ འཆར་གཞི་བཟོ་མི་ཚུ་གིས་ བར་འབྲེལ་འབད་ཐབས་ལུ་ ལྷན་ཐབས་འབད་ཚུགསཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *