སྐུལ་བསྒྲགས་མ་ཆོག་པའི་བཀག་ཆ་འབད་རུང་ སྤྱིར་བཏང་བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་ཡོད་པའི་བསམ་བཤད།

༉ པདྨ་དགའ་ཚལ་ མཁར་-གཡུ་རུང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་ཆོས་སྒྲོན་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཉེས་བྱ་བཀལ་ཡོད་པའི་ཁར་ སྐུལ་བསྒྲགས་མ་ཆོགཔ་སྦེ་ བཀག་ཆ་འབད་ཡོད་རུང་ སྤྱིར་བཏང་བཙག་འཐུའི་སྐབས་ མོ་གིས་ རྫོང་ཁག་གི་ འདེམས་ཁོངས་༣ ནང་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་སྐབས་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་ ཚོགས་རྒྱན་བསྡོམས་༤,༠༥༤ ཐོབ་ཡོདཔ་བཞིན་དུ་ སྤྱིར་བཏང་བཙག་འཐུའི་ནང་ ཚེ་རིང་ཆོས་སྒྲོན་གྱིས་ ཚོགས་རྒྱན་བསྡོམས་༤,༧༣༨ ཐོབ་ཡོདཔ་ཨིན་པས།
ཚེ་རིང་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྐུལ་བསྒྲགས་འབད་མ་ཆོགཔ་སྦེ་ བཀག་ཆ་འབད་ཡོད་རུང་ མོ་གིས་ ཧེ་མ་ལས་ སྒོ་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་ཡོདཔ་བཞིན་དུ་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ དུམ་གྲ་ཅིག་ ཚོགས་རྒྱན་ལུ་ གནོད་འོང་ཟེར་བའི་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སྤྱིར་བཏང་བཙག་འཐུའི་སྐབས་ མི་ཚུ་གིས་ འགོ་ཐོག་བཙག་འཐུ་ལས་ལྷག་སྟེ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་མི་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ འཕྲལ་ཕུགས་༢ ལུ་ཕན་པའི་ ཁས་བླངས་གསལ་བསྒྲགས་ཚུ་དང་ ཚོགས་པའི་ལྟ་བ་ འདྲ་མཉམ་དང་དྲང་བདེན་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མི་ཚུ་གིས་ ཁས་བླངས་གསལ་བསྒྲགས་ཚུ་རྐྱངམ་གཅིག་མེན་པར་ འདེམས་ངོའི་བྱ་སྤྱོད་དང་སྤྱོད་ལམ་ བསམ་སྤྱོད་ ལྕོགས་གྲུབ་དང་ ཉམས་མྱོང་ལ་སོགས་པ་ཚུ་ལུ་ཡང་ ལྟ་དོ་ཡོདཔ་ལས་ ད་རེས་ མི་ཚུ་གིས་ ཚོགས་རྒྱན་བཙུགས་ཐོག་ལས་ རྒྱབ་སྐྱོར་འབད་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
ངང་ལམ་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་གྲགས་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་ར་ འདས་པའི་ལོ་༡༠ གྱི་རིང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ ཁས་བླངས་འབད་ཡོད་མི་ཚུ་ག་ར་ གྲུབ་ཚུགསཔ་ལས་ ད་རེས་ཀྱི་ བཙག་འཐུ་ནང་ཡང་ བཙག་འཐུ་གྲུབ་མ་ཚུགས་པའི་ ཐེ་ཚོམ་མ་སྡོད་ཟེར་ཨིནམ་ད་ ཁོ་གིས་ ཚོགས་རྒྱན་བསྡོམས་༣,༥༧༦ ཐོབ་ཅི།
ཁོ་གིས་འབད་བ་ཅིན་ ཚོགས་པ་གིས་ འདས་པའི་ཁས་བླངས་འབད་མི་ཚུ་ག་ར་ གྲུབ་ཚུགས་མི་ལུ་བརྟེན་ གཞུང་སྐྱོང་འཐོབ་ནིའི་ རེ་བ་བསྐྱེད་ཅི་ཟེར་ཨིན་རུང་ བཙག་འཐུའི་གྲུབ་འབྲས་ལུ་ གུས་ཞབས་དང་ ངོས་ལེན་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཧེ་མ་བ་ལྷག་སྟེ་ ལྡོག་ཕྱོགས་ཀྱི་ འགན་ཁུར་སྒྲིང་སྒྲི་འབག་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
ན་ནོང་-ཤུ་མར་གྱི་འདེམས་ངོ་ ལུང་བསྟན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྲིད་ཚོགས་ནང་ བཅའ་མར་གཏོགས་མི་དེ་ བཙག་འཐུ་འགྲུབ་ནི་ལུ་ མནོ་བསམ་བཏང་སྟེ་ ཨིནམ་བཞིན་དུ་ མི་ཚུ་གིས་ གདོང་ཁར་བློ་སོ་སོར་ཅིག་དང་ རྒྱབ་ཁ་སོ་སོར་ཅིག་ སླབ་དོ་ཡོདཔ་ལས་ རྒྱལ་ཕམ་གྱི་སྐོར་ལས་ སླབ་མ་ཤེས་རུང་ ད་རེས་ བཙག་འཐུ་འབད་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་ཚུ་གིས་ འཕྲལ་ལུ་ཕན་པའི་ ཁས་བླངས་ཚུ་ལུ་མ་གཏོགས་ ཕུགས་ལུ་ཕན་པའི་ ཁས་བླངས་ཚུ་ལུ་ ཡིད་ཆེས་སྦོམ་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ མི་ཚུ་གིས་ རྒྱབ་སྐྱོར་འབད་ཐོག་ལས་ བཙག་འཐུ་གྲུབ་ནི་དེ་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༢ ཆ་རའི་ འདེམས་ཁོངས་ཀྱི་ཁས་བླངས་ཚུ་ ཧ་ལམ་འདྲ་སུ་ཡོདཔ་ལས་ གཞུང་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ འགྲུབ་ཚུགསཔ་འབད་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ གཞུང་སྐྱོང་འཐོབ་པ་ཅིན་རྐྱངམ་གཅིག་ གོང་འཕེལ་ཚུ་ འབག་འོང་ཚུགས་ནི་དང་ ལྡོག་ཕྱོགས་ཀྱིས་ འབག་འོང་མི་ཚུགས་ཟེར་ མནོ་དོ་ཡོདཔ་ད་ དམངས་གཙོའི་རིང་ལུགས་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་༢ ཆ་ར་ ཁག་ཆེཝ་ལས་ དབྱེ་བ་མེད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ འདེམས་ངོ་ཚུ་གི་ཧོངས་ལས་ ཚོགས་པའི་མགྲིན་ཚབ་ཀྱིས་ སླབ་ཡོདཔ་ཨིན་རུང་ འདེམས་ངོ་ཅིག་གིས་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་གྲུབ་འབྲས་ལུ་ ལྟ་བའི་ཤུལ་ལས་ བཙག་འཐུ་འགྲུབ་ནི་ལུ་ རེ་བ་དེ་ཅིག་ མ་བསྐྱེད་ཟེར་ ཨིན་པའི་གནས་ཚུལ།

ངང་ལམ་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *