སྐུལ་བསྒྲགས་བཀག་ཆ་འབད་མི་ལུ་བརྟེན་ རྒྱབ་སྐྱོར་པ་ཚུ་ སེམས་འགྱུར་འགྱོ་བའི་ཚ་གྱང་།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྐུལ་བསྒྲགས་བཀག་ཆ་འབད་མི་ པདྨ་དགའ་ཚལ་མཁར་-གཡུ་རུང་གི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གིས་འབད་བ་ཅིན་ མོ་གི་རྒྱབ་སྐྱོར་པ་ཚུ་ ངན་ལྷད་འབད་མི་ཚུ་གི་དབང་ལུ་ མི་ཐལ་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཧ་གོ་མི་ཚུ་ལུ་ སྒོ་བཤལ་སྐུལ་བསྒྲགས་འབད་དེ་ ཁས་བླངས་གསལ་བསྒྲགས་ཚུ་ གོ་བརྡ་སྤྲོད་དགོཔ་སྦེ་ མནོ་བསམ་བཏང་ཡོད་རུང་ ད་རེས་ ལྷན་ཚོགས་ཀྱིས་ སྐུལ་བསྒྲགས་འབད་མ་ཆོགཔ་སྦེ་ བཀག་ཆ་འབད་མི་ལུ་ ངོས་ལེན་ཡོད་མི་དེ་ཡང་ མོ་གིས་ འདེམས་ཁོངས་ནང་གི་ རྒེད་འོག་༥ གི་ སྤྱི་འོག་༢༥ ག་རའི་ མི་ཚུ་དང་གཅིག་ཁར་ ཕྱད་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ མི་ཚུ་གིས་ ཚོགས་པ་ལུ་ ཡུན་བརྟན་དང་ ཡུན་རིང་ཁེ་ཕན་གྱི་ ཁས་བླངས་གསལ་བསྒྲགས་ཡོད་མི་ཚུ་ ལེགས་ཤོམ་སྦེ་ར་ ཤེས་རྟོགས་ཡོདཔ་ལས་ ལྕོགས་གྲུབ་ཅན་གྱི་ སྲིད་ཚོགས་གདམ་འཐུ་འབད་ཡོད་པའི་ཁར་ མི་ཚུ་ལུ་ཡང་ བློ་གཏད་ཡོདཔ་ལས་ སེམས་འགྱུར་བ་མེད་པར་ རྒྱབ་སྐྱོར་འབད་བའི་ རེ་བ་ཡོད་ཟེར་ཨིན་པས།

ཨིན་རུང་ མོ་གི་ངོ་ཚབ་དང་ འགོ་འདྲེན་པ་ཚུ་གིས་ཡང་ མོ་གི་ཧོངས་ལས་ སྐུལ་བསྒྲགས་འབད་མ་ཆོགཔ་སྦེ་ བཀག་ཆ་འབད་ཡོད་ནི་དེ་གིས་ མོ་ལུ་རྒྱབ་སྐྱོར་འབད་མི་ རྒྱབ་སྐྱོར་པ་ཚུ་ ངན་ལྷད་འབད་མི་ཚུ་གི་དབང་ལུ་ མི་ཐལ་ག་མནོ་བའི་ ཚ་གྱང་ཡོད་ཟེར་ ཚེ་རིང་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།

ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གི་མནོ་བསམ་དེ་ གཞན་ལུ་གནོད་ཐབས་ལུ་མེན་པར་ ཨ་པ་མེད་པའི་ ཨ་ལོ་ཚུ་དང་འབྲེལ་བ་ཡོད་པའི་ དཀའ་ངལ་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་དེ་ཨིན་རུང་ མོ་ར་གིས་ མནོ་བསམ་བཏང་དོ་བཟུམ་སྦེ་ སླབ་མ་ཤེས་ནི་དེ་གིས་ འོང་ནི་མས་ཟེར་ཨིནམ་ལས་ གནད་དོན་དེ་ མོ་གི་དོན་ལུ་ བསླབ་བྱ་བཟུམ་ཅིག་ ཨིན་ཟེར་ཨིན་པས།

མཁར-གཡུ་རུང་འདེམས་ཁོངས་འགོ་འདྲེན་པ་ སངས་རྒྱས་ནོར་བུ་གིས་ སླབ་མིའི་ནང་ གྲོས་ཆོད་དེ་གི་སྐོར་ མི་ཚུ་གིས་ ཧ་གོ་བའི་ཤུལ་ལས་ འདེམས་ངོ་དེ་ ཆ་མེད་གཏང་ནི་མས་ཟེར་ ཚ་གྱང་ལང་ནི་དེ་གིས་ འགྲུལ་འཕྲིན་ལྷོདཔ་ལས་ ཁོང་ཆ་ཁྱབ་ལུ་ ལང་དགོཔ་མེད་པའི་ཁར་ དེ་གིས་ ཚོགས་རྒྱན་ལུ་ཡང་ དེ་ཅིག་གནོད་པ་ མི་འོང་ཟེར་ སླབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མ་འོངས་པར་ བྱ་ངན་གྱི་གནད་དོན་ཚུ་ བཀག་ཆ་འབད་ཚུགས་ཐབས་ལུ་ དེ་བཟུམ་མའི་ གྲོས་ཆོད་བཏོན་མི་དེ་ཡང་ ལེགས་ཤོམ་ཨིན་མས་ཟེར་ཨིནམ་ད་ ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་ འདེམས་ངོའི་ལྕོགས་གྲུབ་ཚུ་ ལེགས་ཤོམ་སྦེ་ ཤེས་རྟོགས་ཡོདཔ་ལས་ འདེམས་ཁོངས་ཀྱི་ མི་ཚུ་གིས་ འཕྲོ་མཐུད་རྒྱབ་སྐྱོར་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཕྱི་མུང་རྒེད་འོག་ སྤང་ཐང་ལས་ ལུང་བསྟན་གྱིས་ སླབ་མིའི་ནང་ གྲོས་ཆོད་དེ་གིས་ ཚོགས་རྒྱན་དུམ་གྲ་ཅིག་ གནོད་སྲིད་ནི་ཨིན་རུང་ འདེམས་ངོ་དེ་གིས་ སྒོ་བཤལ་རྐྱབ་ཐོག་ལས་ འདེམས་ཁོངས་ཀྱི་ མི་སེར་ག་ར་དང་གཅིག་ཁར་ ཕྱད་ཡོད་པའི་ཁར་ མི་ཚུ་གི་སེམས་ཡང་ མི་འགྱུར་ནི་ཨིནམ་ལས་ དེ་ཅིག་ གནོད་པ་མ་འབྱུང་ཟེར་ཨིན་པས།

གཡུ་རུང་ལས་ བདེ་ཆེན་བཟང་མོ་གིས་ སླབ་མིའི་ནང་ གྲོས་ཆོད་དེ་གིས་ ཚོགས་རྒྱན་ལུ་ གནོད་པ་འབྱུང་སྲིད་ནི་ཨིན་རུང་ དེ་བཟུམ་མའི་ གནད་དོན་ཚུ་ འདེམས་ཁོངས་གཞན་ཚུ་ནང་ཡང་ ཐོན་ཡོདཔ་ལས་ མཁར་-གཡུ་རུང་གི་འདེམས་ངོ་དེ་ འགོ་དང་པ་མེནམ་ལས་ མི་ཚུ་གི་ སེམས་ལུ་ཡང་ དེ་ཅིག་འགྱུར་བ་ མི་འོང་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ མི་ཚུ་གིས་ མཁར-གཡུ་རུང་གི་ ཚོགས་པའི་འདེམས་ངོ་ལུ་ གཞི་བཞག་སྟེ་མེན་པར་ ཚོགས་པ་དེ་ལུ་ འཕྲལ་ཕུགས་༢ ཀྱི་ ཡུན་བརྟན་དང་ ཡུན་རིང་ལུ་ཕན་པའི་ ཁས་བླངས་གསལ་བསྒྲགས་ཡོད་མི་ལུ་ གཞི་བཞག་ཐོག་ལས་ འཕྲོ་མཐུད་རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།

རྒྱབ་སྐྱོར་པ་གཞན་ཚུ་གིས་ སླབ་མིའི་ནང་ གྲོས་ཆོད་དེ་གིས་ ཕན་གནོད་ག་དེ་སྦེ་ འོང་ནི་ཨིན་ན་ སླབ་མི་ཤེས་ཟེར་ཨིན་རུང་ ཁོང་གིས་ སྲིད་ཚོགས་༢ ཆ་རའི་ ཁས་བླངས་གསལ་བསྒྲགས་ཚུ་ ཉན་ཡོདཔ་ལས་ ལེགས་ཤོམ་སྦེ་ར་ ཤེས་རྟོགས་ཡོད་ནི་དེ་གིས་ ལྕོགས་གྲུབ་ཅན་གྱི་ སྲིད་ཚོགས་ལུ་ར་ རྒྱབ་སྐྱོར་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ངང་ལམ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *