༉ སྐྱེས་ལོ་༢༩ ལང་མི་ དགེ་བགྲེས་ཅིག་གིས་ རྒྱལ་བའི་སྐུ་གསུང་ཐུགས་རྟེན་ ཨར་རྐུན་འབད་བའི་ཁར་ ཁྲིམས་འགལ་ཐོག་ལས་ ཅ་རྙིང་ཉོ་བཙོང་འཐབ་མི་ལུ་བརྟེན་ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༢༠ ལུ་ བཙོན་ཁྲིམས་ལོ་ངོ་༣༠ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ དགོན་ཤར་རི་ གསལ་ཆུ་ནང་ལས་ཨིན་མི་ ཀུན་བཟང་ལུ་ དབྱེ་རིམ་དང་པའི་ བཙོན་ཁྲིམས་དམའ་ཤོས་ལོ་ངོ་༡༥ ལས་ ཚེ་བཙོན་ཕོག་དགོཔ་ཨིན་རུང་ ཕྱིའི་རྒྱལ་ཁབ་གཞན་ཚུ་ནང་ཡོད་དོ་བཟུམ་སྦེ་ བཙོན་ཁྲིམས་ལོ་ངོ་༡༤ ལས་༢༤ འབག་པའི་ཤུལ་ལས་ དུས་ཡུན་མ་ཚངམ་ལས་ གློད་གྲོལ་གཏང་ནིའི་ གོ་སྐབས་མེདཔ་ལས་ དྲང་ཁྲིམས་ཀྱི་དམིགས་དོན་ བཙོན་པའི་བྱ་སྤྱོད་དང་ བསམ་སྤྱོད་ལེགས་བཅོས་འབད་ནིའི་ གོ་སྐབས་མིན་འདུག་ཟེར་ ཨིན་པས།
དེ་འབདཝ་ལས་ ཁྲིམས་འདུན་གྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༣༥༢ པ་ལྟར་ ཉེས་འཛུགས་ཅན་ལུ་ ཁྲིམས་ཀྱི་ཁེ་ཕན་ལུ་ལྟ་སྟེ་ འཛིན་བཟུང་འབད་བའི་ཚེས་གྲངས་ལས་ འགོ་བཙུགས་ཏེ་ བཙོན་ཁྲིམས་ལོ་ངོ་༣༠ སྨིན་དགོཔ་ཨིན་པས།
བཅའ་ཁྲིམས་དེའི་དོན་ཚན་༣༥༢ པ་དང་འཁྲིལཝ་ད་ སྐུ་གསུང་ཐུགས་རྟེན་ནམ་ གཟུགས་དང་འབྲེལ་བའི་གནོད་འགེལ་དེ་ དབྱེ་རིམ་དང་པའི་ ཉེས་ཆེན་སྨིན་དགོ་ཟེར་ཡོད་རུང་ ཁྲིམས་འདུན་གྱིས་ ཁོ་ལུ་ དོན་ཚན་དེའི་ ཁེ་ཕན་བྱིན་ཡོདཔ་ཨིན་པས།
དེ་ཡང་ ཉེས་ཅན་ཁོ་ར་ ད་ལྟོ་ སྐྱེས་ལོ་༢༩ ལང་ཡོདཔ་ལས་ བཙོན་ཁྲིམས་ལོ་༣༠ འབག་པའི་ཤུལ་ལས་ སྐྱེས་ལོ་༥༩ ལང་ནི་ཨིནམ་ད་ ཁོ་རའི་ མི་ཚེ་འཕྲོ་མཐུད་ནང་ མི་སྡེ་དང་ ཁོ་རའི་བཟའ་ཚང་ལུ་ ཕན་ཐོགས་ཅན་ཅིག་སྦེ་ སྡོད་ཐབས་ལུ་དམིགས་ཏེ་ བཙོན་ཁྲིམས་ལོ་ངོ་༣༠ བཀལ་ཡོདཔ་ཨིན་པས།
གནད་དོན་གཞན་མི་དེ་ ཁོ་གིས་ ཨར་རྐུན་འབད་མི་ ཅ་རྙིང་ཚུ་ ལོག་རྩིས་སྤྲོད་འབད་བའི་ཁར་ ཁོ་ར་ དེ་བཟུམ་མའི་ བྱ་ངན་འབད་མི་ལུ་ བློ་འགྱོད་བསྐྱེད་པའི་ཁར་ ཁོ་གིས་ ཧེ་མར་ བྱ་ངན་འབད་བའི་ རྗེས་ཐོ་མེད་པ་ལུ་བརྟེན་ ཨིན་པས།
ཅ་རྙིང་ཚུ་ཉོ་མི་ ཚེ་དབང་རིག་འཛིན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འགལ་ཐོག་ལས་ལེན་པའི་ ཅ་རྙིང་ཨིནམ་ཤེས་བཞིན་དུ་ ཉོ་ཡོད་པའི་ ཉེས་འཛུགས་འབད་ཡོད་རུང་ ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་དོན་ཚན་༩༦.༢ པ་ལྟར་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་བཏོན་མ་ཚུགསཔ་ལས་ ཁྲིམས་དེབ་དེའི་དོན་ཚན་༢༠༤ པ་ལྟར་ ཚེ་དབང་རིག་འཛིན་དེ་ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཀུན་བཟང་གིས་ བྱ་ངན་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༡༢ ལུ་ སྤུ་ན་ཁ་རྫོང་ཁག་འོག་གི་ དགོན་ཤར་རི་ སྣང་གསལ་དགོན་པ་ལུ་ གསོལ་ཁ་ཕུལ་བར་ཨིནམ་བཟུམ་བཟོ་སྟེ་ ཕྱི་རུ་ དཀོན་གཉེར་ཉལ་སྡོདཔ་ད་ ལྷ་ཁང་གི་ ནང་རྟེན་བཞག་སའི་ བང་སྒྲོམ་གྱི་ལྡེ་མིག་འཐུ་འབག་སྟེ་ མིག་ཏོ་༢ འབད་མི་ གཟི་སྐྱོན་ཅན་༡ དང་ བྱུ་རུ་༢ རྒྱུ་གཟི་ཁྱིམ་ལས་གྲུབ་པའི་ སྟོན་པའི་སྐུ་འདྲ་ རིང་ཚད་སེན་ཊི་མི་ཊར་༩.༥ འབད་མི་༡ དེ་ལས་ གོས་ཆེན་དྲ་དུམ་༡ ཨར་རྐུན་འབད་ཡོདཔ་ཨིན་པས།
ཚེ་དབང་རིག་འཛིན་གྱིས་ གཟི་དང་ བྱུ་རུ་ཕུད་རྡོག་༢ ལུ་ དངུལ་ཀྲམ་༢༠,༠༠༠ བྱིན་ཏེ་ཉོ་ཡོདཔ་ལས་ ཁོ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གི་ཉེས་འགལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༣༦༡ པ་ལྟར་ དབྱེ་རིམ་༤ པའི་བཙོན་ཁྲིམས་དམའ་ཤོས་ལོ་༣ ལས་ མཐོ་ཤོས་ལོ་༥ ཕོག་དགོ་པའི་ ཉེས་འཛུགས་འབད་ནུག།
ཨིན་རུང་ རྩོད་བཤེར་འབད་བའི་སྐབས་ ཚེ་དབང་རིག་འཛིན་གྱིས་ ཀུན་བཟང་ཁོ་ར་ ཆོསཔ་ཅིག་འབད་ནི་དེ་གིས་ ཅ་རྙིང་ཚུ་བཙོང་པར་འབག་འོངམ་ད་ ཁོ་རའི་ཨ་ཞང་གི་ཨིནམ་ལས་ ཁོ་ར་ ཏི་རུ་ཁག་ཆེ་སྟེ་ཡོད་ཟེར་ སླབ་ནི་དེ་གིས་ བླམ་ཆོསཔ་གིས་ ཨར་རྐུན་དང་ ཤོབ་མི་སླབ་འོང་མནོ་སྟེ་ ཅ་ལ་ཚུ་ ཁོ་རའི་དོན་ལུ་ ཉོ་ཡི་ཟེར་ཞུ་ནུག།
དགོན་པའི་བླམ་ རྟ་མགྲིན་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༡༨ ཟླ་༩ པའི་ཚེས་༢༤ དང་ སྤྱི་ཟླ་༡༠ པའི་ཚེས་༡༤ དེ་ལས་ ལོ་དེ་གི་ སྤྱི་ཟླ་༡༡ པའི་ཚེས་༡༢ ལུ་ སྤུངས་ཐིམ་རྟེན་གསུམ་ཡིག་ཚང་གི་ དཀོན་མཆོག་རྒྱལ་མཚན་གྱིས་ གཟི་རྙིང་༡༠ བྱང་སྟོར་ཤོར་མི་ལས་༩ ལོག་མ་ཐོབ་པར་ཡོད་པའི་སྐོར་ལས་ ཁ་སྐོང་གསལ་ཞུ་འབད་མིའི་ཐད་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བྱ་ངན་དེའི་སྐོར་ལས་ ཉེས་འཛུགས་ཅན་ཀུན་བཟང་གིས་ བྱ་ངན་འབད་བའི་སྐོར་ལས་ ངོས་ལེན་མིན་འདུག་ཟེར་ཞུ་ནུག།
དེ་མ་ཚད་ གཟི་དེ་ཚུ་ ནམ་བྱང་ཡོདཔ་ཨིན་ན་དང་ ཐོ་ཚུ་ཁ་གསལ་མེདཔ་ལས་ གནས་སྟངས་ཀྱི་ སྒྲུབ་བྱེད་ཅིག་ཡོད་རུང་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་སྟོན་མ་ཚུགས་པ་ཅིན་ རྩོད་གཞི་དེ་ ཕྱིར་འབུད་འབད་ཆོག་ཟེར་ཡོད་མི་དང་འཁྲིལ་ ཕྱིར་འབུད་འབད་ཡོད་པའི་ཁར་ ཉེས་ལས་དེ་ ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་ནང་ཡང་ བཀོད་དེ་མེདཔ་ཨིན་པས།
རྩ་ཕན་ཚུ་གིས་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོག་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།