དོགས་ཅན་ཚུ་གིས་ ལྷ་ཁང་དང་ དགོན་སྡེ་སོ་སོའི་ནང་ མཆོད་ཆས་ཚུ་ ཨར་རྐུན་འབད་ཡོདཔ་མ་ཚད་ སྐུ་རྟེན་ཚུ་ མེདཔ་བཏང་སྟེ་ ནང་གཟུངས་བཏོན་ འབག་ཡོདཔ་ཨིན་པས། པར་- ཁྲིམས་སྲུང་འགག་སྡེ།

སྐུ་གསུང་ཐུགས་རྟེན་ཨར་རྐུན་འབད་མི་༦ འཛིན་བཟུང་འབད་ཡོདཔ།

༉ ཁྲིམས་སྲུང་འགག་སྡེ་གིས་ སྤ་རོ་དང་ ཧཱ་ དེ་ལས་ ཐིམ་ཕུག་རྫོང་ཁག་ཚུ་ནང་ལས་ སྐུ་གསུང་ཐུགས་རྟེན་ཚུ་ལུ་ ཐོ་བཀལ་ཏེ་ ཨར་རྐུན་འབད་མི་ དོགས་པ་ཅན་ ཕོ་སྐྱེས་༦ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ ཁྲིམས་སྲུང་འགག་སྡེ་ཡིག་ཚང་གཙོ་ཁང་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྐྱེས་ལོ་༢༢ ལས་༢༨ ཀྱི་བར་ན་འབད་མི་ དོགས་ཅན་ཚུ་ག་ར་ སྤྱི་ཟླ་༧ པའི་ཚེས་༦ དང་༧ གྱི་བར་ན་ སྤ་རོ་རྡོ་དཀར་ལས་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
བྱ་ངན་འབད་མི་ཚུ་གིས་ ལྷ་ཁང་དང་ མཆོད་རྟེན་ དེ་ལས་ དགོན་པ་མང་རབས་ཅིག་ལས་ ཨར་རྐུན་འབད་ཡོད་པའི་ཁར་ བྱ་ངན་ལ་ལོ་ནང་ སྐུ་རྟེན་ཚུ་མེདཔ་བཏང་སྟེ་ ནང་གཟུངས་ཚུ་ བཏོན་འབག་ནུག་ཟེར་ཨིན་པས།

སྤ་རོ་རྩེ་ཏོག་མགོན་པ་དང་ ཐིམ་ཕུག་ དགེ་བསྙེན་ཁ་གི་མཆོད་རྟེན།

དོགས་ཅན་ཚུ་ འཛིན་བཟུང་འབད་བའི་སྐབས་ ཨར་རྐུན་འབད་མི་ ཅ་ཆས་མང་ཤོས་ར་ ལོག་ཐོབ་ཅི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཞིབ་དཔྱད་འབད་བའི་སྐབས་ དོགས་ཅན་ཚུ་གིས་ སྤ་རོ་ལམ་གོང་རྒེད་འོག་གི་ རྩེ་ཏོ་དགོན་པ་ལས་ སྐུ་༣ དང་གའུ་༡ ཨར་རྐུན་འབད་ཡོདཔ་མ་ཚད་ རྡོ་དཀར་རྒེད་འོག་གི་ རྡོ་ལེགས་ཁ་ལྷ་ཁང་ནང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ རོལམོ་དང་ དངུལ་གྱི་དཀར་མེ་ཀོངམ་ ཕུརཔ་ དེ་ལས་ དུང་ཚུ་ ཨར་རྐུན་འབད་དེ་ འབག་ཡོད་པའི་ མངོན་གསལ་བྱུང་ནུག།
སྤྱི་ཟླ་༥ པའི་ཚེས་༢༧ ལུ་ སྡེ་ཚན་དེ་གིས་ དགེ་བསྙེན་ཁ་ལུ་ མཆོད་རྟེན་ཅིག་སློངས་ཏེ་ ཨིན་ཅི་༦ འབད་མི་ ཟངས་སྐུ་ཅིག་དང་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ རྡོ་ལེགས་ཁ་ལྷ་ཁང་ནང་ལས་ ཨར་རྐུན་ཐེངས་༢ པ་འབད་བའི་སྐབས་ ལྷ་ཁང་ནང་ཡོད་མི་ སྟོན་པ་དང་ གུ་རུའི་སྐུ་མེདཔ་བཏང་སྟེ་ ནང་གཟུངས་སྟོན་པའི་སྐུ་༢ བཏོན་འབག་ཡོདཔ་ཨིན་པས།
ཧཱ་རྫོང་ཁག་གི་ས་གནས་ དཀར་གནག་ལུ་ སངས་སྐྱིད་རི་ལྷ་ཁང་ནང་ལས་ རྡོ་རྗེ་གཉིས་དང་ དྲིལ་བུ་གསུམ་ ཨརཝ་བརྐུ་སྟེ་ འབག་ཡོདཔ་ད་ སྤྱི་ལོ་༢༠༡༩ ཟླ་༢ པའི་ཚེས་༡༩ ལུ་ ཕུར་སྒྲུབ་དགོན་པ་ལུ་ མཆོད་རྟེན་སློངས་ཡོད་རུང་ ནང་གཟུངས་ག་ནི་ཡང་ ཐོབ་མ་ཚུགསཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ དོགས་ཅན་ཅིག་གིས་ རྡོ་དཀར་རྒེད་འོག་ བཀྲིས་སྡིངས་ཁ་ལྷ་ཁང་ནང་ལས་ བོད་རོལ་ཆ་༡ དང་ ཁྲོ་༡ འབག་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ སྐུ་གསུང་ཐུགས་རྟེན་ ཨར་རྐུན་དང་ སློངས་མི་ལུ་ ཉེས་ཁྲིམས་ཚེ་བཙོན་ཕོགཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནད་ཡམས་ཀྱི་ཉེན་ཁ་ ཆེ་སུ་སྦེ་ར་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ ཁྱབ་སྤེལ་རིམ་ཐེངས་༢ པའི་ནང་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ མགྱོགས་དྲགས་སྦེ་ ཁྱབ་འགྱོ་དོ་ཡོད་མི་དང་བསྟུན་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ནད་ཡམས་ཐོབ་མི་ མ་ཆད་པར་ཐོནམ་ཨིན་མས། ཧེ་མ་དང་ཕྱདཔ་ད་ ད་རེས་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ ཉེན་ཁ་ཆེ་དྲགས་སྦེ་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *