སྐུ་གསུང་ཐུགས་རྟེན་ཚུ་ ཨར་རྐུན་འབད་བའི་རྩོད་བཤེར་ སྤུ་ན་ཁ་ཁྲིམས་མདུན་ལུ་ བཙུགས་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༢༩ ལང་མི་ དགེ་བགྲེས་ཅིག་དང་ སྐྱེས་ལོ་༣༤ ལང་མི་ ཚོང་པ་ཅིག་གིས་ རྒྱལ་བའི་སྐུ་གསུང་ཐུག་རྟེན་ཚུ་ ཨར་རྐུན་འབད་བའི་ཁར་ ཁྲིམས་འགལ་ཐོག་ལས་ ཅ་རྙིང་ཚུ་ ཉོ་བཙོང་འཐབ་པའི་ རྩོད་བཤེར་དེ་ སྤུ་ན་ཁ་རྫོང་ཁག་ཁྲིམས་མདུན་ལུ་ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༢ ལུ་བཙུགས་མི་ རྩོད་དཔོན་ཡོངས་ཁྱབ་ཀྱི་ བཤེར་ཡིག་དང་འཁྲིལཝ་ད་ དགེ་བགྲེས་དེ་གིས་ སྤུ་ན་ཁ་རྫོང་ཁག་འོག་གི་ དགོན་ཤར་རི་རྒེད་འོག་ སྣང་གསལ་དགོན་པ་ལས་ སྐུ་གསུང་ཐུག་རྟེན་ཚུ་ ཨར་རྐུན་འབད་དེ་ ཚོང་པ་དེ་ལུ་ རིན་གོང་ཉུང་སུ་སྦེ་ བཙོང་ནུག་ཟེར་ཨིན་པས།
དགེ་བགྲེས་དེ་གིས་ དགོན་པ་དེ་ནང་ལས་ གཟི་སྐྱོན་ཅན་ མིག་ཏོ་༢ མ་དང་ བྱི་རུ་༢ རྒྱུ་གཟི་ཁྱིམ་ལས་གྲུབ་པའི་ སྟོན་པ་ཤཱཀྱ་ཐུབ་པའི་སྣང་བརྙན་ རྡོར་གདན་མའི་སྐུ་རིང་ཚད་ སེན་ཊི་མི་ཊར་༡༣.༧ འབད་མི་ཅིག་དང་ ཟངས་དམར་ལས་བསྒྲུབས་པའི་ སྟོན་པའི་སྣང་བརྙན་ རས་ཆེན་གྱི་ཐུགས་རྟེན་ སྐུ་རིང་ཚད་སེན་ཊི་མི་ཊར་༩.༥ འབད་མི་ཅིག་དང་ གོས་ཆེན་དྲ་དུམ་ཅིག་ ཨར་རྐུན་འབད་ཡོདཔ་ཨིན་པས།
དེ་འབདཝ་ལས་ དགེ་བགྲེས་ཀུན་བཟང་གིས་ སྐུ་གསུང་ཐུག་རྟེན་ཚུ་ མ་བྱིན་ལེན་པ་འབད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ གི་ དོན་ཚན་༣༥༡ ཁ་པ་དང་འཁྲིལ་ དབྱེ་རིམ་དང་པའི་ཉེས་ཆེན་ དམའ་ཤོས་ལོ་ངོ་༡༥ དང་ མཐོ་ཤོས་ཚེ་བཙོན་བར་ན་ སྨིན་དགོཔ་འདུག་ཟེར་ བཤེར་ཡིག་ནང་ བཀོད་ནུག།
ཉེས་འཛུགས་ཅན་༢ པ་ ཚེ་དབང་རིག་འཛིན་གྱིས་ དགོན་པ་ལས་ ཨར་རྐུན་འབག་མི་ གཟི་སྐྱོན་ཅན་༡ དང་ བྱི་རུ་༢ ཨར་རྐུན་འབད་དེ་ འབག་འོང་ཡོདཔ་ཤེས་བཞིན་དུ་ ཁོ་གིས་ གོང་ཚད་ཁེ་ཏོག་ཏོ་སྦེ་ དངུལ་ཀྲམ་༢༠,༠༠༠ སྦེ་ ཉོ་ཡོདཔ་ལས་ ཁོ་ལུ་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༣༦༡ དང་འཁྲིལ་ དབྱེ་རིམ་བཞི་པའི་ཉེས་ཆེན་ དམའ་ཤོས་ལོ་༣ ལས་མཐོ་ཤོས་ལོ་༥ འོག་རྒྱུ་ སྨིན་དགོཔ་སྦེ་ཡོད་མི་དང་འཁྲིལ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་སྡེ་གིས་ ཀུན་བཟང་ལས་ གཟི་སྐྱོན་ཅན་དང་སྐུ་རྟེན་ཚུ་ བཙན་ལེན་འབད་ཡོདཔ་ལས་ དེ་ཚུ་ དགོན་པ་ལུ་ ལོག་སྤྲོད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་རུང་ ལོག་འཐོབ་མ་ཚུགས་པའི་ བྱི་རུ་༢ ཀྱི་ཚབ་སྦེ་ ཉེས་འཛུགས་ཅན་༢ ལས་ རིན་གོང་དེ་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ཚེ་དབང་རིག་འཛིན་དེ་ ད་ལྟོ་ འཛིན་བཟུང་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
ཀུན་བཟང་གིས་ ཨར་རྐུན་འབད་བའི་སྐོར་ལས་ ཚེས་གྲངས་སེམས་ཁར་མེད་རུང་ སྤྱི་ལོ་༢༠༡༧ ལུ་ ཁོ་རའི་ ཆ་རོགས་ཨིན་མི་ དགོན་པ་དེའི་དཀོན་གཉེར་ དམ་ཆོས་སྡོད་སར་ འགྱོ་བའི་སྐབས་ དཀོན་གཉེར་དེ་ གོ་ལ་འཁྱུ་སྡོད་སར་མཐོང་སྟེ་ ནང་རྟེན་ཚུ་བཞག་སའི་བང་སྒྲོམ་གྱི་ ལྡེ་མིག་འཐུ་འབག་སྟེ་ ལྷ་ཁང་ནང་སོང་སྟེ་ གཟི་མིག་ཏོ་༢ འབད་མི་ སྐྱོན་ཅན་དེ་དང་ བྱི་རུ་༢ འཐུ་འབག་ཡོདཔ་ཨིན་པས།
ཅ་ལ་དེ་ཚུ་ ཁོ་གིས་ ཐིམ་ཕུག་ལུ་འབག་འོང་སྟེ་ ཚེ་དབང་རིག་འཛིན་ལུ་ བཙོང་ཡི་ཟེར་ བཤད་ཡོད་པའི་ཁར་ ད་རུང་ ཁོ་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ དགོན་པ་ལུ་སོང་སྟེ་ ཕྱི་རུ་ དཀོན་གཉེར་གཉིད་ཐལ་སྡོདཔ་ད་ ལྡེ་མིག་འཐུ་འབག་སྟེ་ ནུབ་མོ་ ལྷ་ཁང་ནང་སོང་སྟེ་ ད་རུང་ སྟོན་པའི་སྐུ་དང་ གོས་ཆེན་དྲ་དུམ་དེ་ འཐུ་འབག་སྟེ་ དེ་གི་ནངས་པར་དྲོ་པ་ ཐིམ་ཕུག་ལུ་ སོང་ཡོདཔ་ད་ ཁོ་གིས་ ཅ་ལ་ཚུ་བཙོང་པའི་སྐབས་ ཁོ་རའི་ ཨ་ཞང་གིས་བྱིན་ཡོདཔ་སྦེ་ སླབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *