ཉལ་ཁྲི་༣ ཡོད་མི་ སྐམ་སྦྱིས་གཞི་རྟེན་སྨན་ཁང་ནང་ འགོ་འབྱེད་འབད་བའི་བསྒང་།

སྐམ་སྦྱིས་ལུ་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༩ ལུ་ ཆུ་ཁ་དགེ་གླིང་རྒེད་འོག་ སྐམ་སྦྱིས་ལུ་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ཅིག་ གསརཔ་རྐྱབ་མི་དེ་གིས་ སྐམ་སྦྱིས་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་དང་ སློབ་དཔོན་ ཚོང་པ་ དེ་ལས་ སཱུན་ཏ་ལ་ཁར་ སྡོད་མི་ཚུ་བརྩིས་ཏེ་ མི་སེར་༡,༢༡༥ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

དེ་མ་ཚད་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་བར་ན་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པས།

གཞི་རྟེན་སྨན་ཁང་གསར་སྒྲུབ་ཀྱི་ རྟེན་འབྲེལ་ནང་ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེ་འཐུས་མི་དང་ རྒྱ་གར་གཞུང་ཚབ་ཡིག་ཚང་གི་འགོ་དཔོན་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ རྒེད་འོག་གི་ མི་སེར་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

སྨན་ཁང་དེ་ཡང་ རྒྱ་གར་གཞུང་གི་ ལས་འགུལ་ཆུང་བའི་ གྲོགས་རམ་མ་དངུལ་ས་ཡ་༡༤.༤ ཐོག་ལས་ རྐྱབ་ཡོདཔ་ད་ རྫོང་ཁག་གསོ་བའི་འགོ་དཔོན་གོངམ་ གོ་པཱལ་ཧིང་མང་གིས་ སླབ་མིའི་ནང་ སྨན་ཁང་རྐྱབ་ནི་ལུ་ ལོ་༢ དེ་ཅིག་ འགོར་ཡོདཔ་བཞིན་དུ་ ཀོ་བིཌ་-༡༩ ལུ་བརྟེན་ དུས་ཚོད་ཁར་ བསྒྲུབས་མ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ སྨན་ཁང་ནང་ གསོ་བའི་ལས་རོགསཔ་ ཨམ་སྲུ་༡ དང་ སྲུང་རྒྱབ་ཅིག་ཡོད་མི་གུ་ འཕྲལ་མགྱོགས་ར་ རྩི་མ་ལ་ཁ་སྨན་ཁང་ལས་ གསོ་བའི་ལས་རོགསཔ་གོངམ་ཅིག་ གནས་སོར་ནང་ ལྷོད་འོང་ཟེར་ཨིན་པས།

མ་གཞི་ སྨན་ཁང་གི་ ཁང་ཚན་ནང་ ཉལ་ཁྲི་༥ འོང་དགོཔ་ཨིན་རུང་ སྐམ་སྦྱིས་སྨན་ཁང་ནང་ ཉལ་ཁྲི་༣ རྐྱངམ་གཅིག་ཡོདཔ་ད་ གོ་པཱལ་ཧིང་མང་གིས་འབད་བ་ཅིན་ གཞི་རྟེན་སྨན་ཁང་ སྡེ་རིམ་༢ པའི་ནང་ སྤྱིར་བཏང་ བཀག་ཐབས་དང་ ཡར་དྲག་གཏང་ནིའི་ ཞབས་ཏོག་ཚུ་ བྱིནམ་ཨིན་ཟེར་ཨིན་པས།

སྨན་ཁང་ནང་ལས་ སྨན་ཁབ་བཙུགས་ནི་དང་ བཟའ་ཚང་འཆར་གཞིའི་ཞབས་ཏོག་ གཙང་སྦྲ་འཕྲོད་བསྟེན་ལས་རིམ་ དེ་ལས་ སྨན་བཅོས་ཀྱི་ ཞབས་ཏོག་ཚུ་ འཐོབ་ཚུགས་ཟེར་ གསོ་བའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མགུ་རྙོགས་དྲགས་ཀྱི་ གནད་དོན་ཚུ་ ཐག་ཉེ་མི་ དགེ་འདུ་སྨན་ཁང་ནང་ གཏང་འོང་ཟེར་ཨིན་སཔ།

དགེ་གླིང་རྒཔོ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ སྨན་ཁང་དེ་གིས་ སྤྱི་འོག་༣ གྱི་ མི་སེར་ཚུ་ལུ་ ཕན་སྦོམ་སྦེར་ འབྱུང་ཚུགས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *