ཉིན་ནུབ་མེད་པར་ གེ་ཟ་ཞིང་ སྲུང་སྡོད་མི་ བསོད་ནམས་ཆོས་སྒྲོན།

སྐམ་དར་མུར་མོ་སྤྱི་འོག་ནང་ རི་ཕག་ཚུ་གིས་ གེ་ཟའི་སོན་ཚུ་ སློངས་ཟ་བའི་དཀའ་ངལ།

༉ ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ལྷུན་རྩེ་རྫོང་ཁག་ སྨན་སྦིས་རྒེད་འོག་ སྐམ་དར་མུར་མོ་སྤྱི་འོག་གི་ སོ་ནམ་པ་ཚུ་ ཞིང་ལཱ་གཞན་ཚུ་འབད་དེ་ དགའ་ཏོག་ཏོ་སྦེ་ སྡོད་ནི་ཡོད་རུང་ དུས་ཅི་ གེ་ཟའི་སོན་བཏབ་སྟེ་ ཟླཝ་མ་ལངམ་ཅིག་ལས་ ཞིང་ཚུ་བསྲུང་དགོ་པའི་ གནས་སྟངས་ལུ་ལྷོད་ནུག།

དེ་ཡང་ སྤྱི་འོག་གི་ སོ་ནམ་པ་ཚུ་གིས་ རང་ཟླ་༢ པའི་ནང་ རང་སོའི་ཞིང་ཚུ་ནང་ གེ་ཟ་བཏབ་ཡོད་མི་ལས་ གུང་པ་༥ གི་གེ་ཟ་ཚུ་ སྐྱེས་མ་ཚརཝ་ལས་ ནུབ་མོ་ར་ རི་ཕག་ཚུ་གིས་ གེ་ཟའི་སོན་དང་ ལྕུག་གུ་སྐྱེས་མི་ཚུ་ ཟ་ཡོདཔ་ཨིན་པས།
གཞན་དལ་གཞི་ སྤྱི་ཟླ་༣ པ་དང་༤ པའི་ནང་ འཛུགས་སྐྱོང་འབད་མི་གེ་ཟ་ཚུ་ སྦོམ་ཐལ་ཏེ་ རྡོག་མ་བཏགས་མ་ཚད་ འཚོ་ནི་རནམ་ད་རྐྱངམ་གཅིག་ རི་ཕག་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ གནམ་ནུབ་མོར་ གེ་ཟ་བསྲུང་དགོཔ་མ་ཚད་ ཉིན་མ་ རི་ཁའི་བྱ་ལེ་ཀོ་དང་ ཀ་ཤ་ཚུ་ལས་ བསྲུང་སྡོད་དགོ་པའི་ གནས་སྟངས་ཚབས་ཅན་ཅིག་ བྱུང་སྟེ་འདུག།
དཔེ་འབད་བ་ཅིན་ སྐམ་དར་གཡུས་ཚན་ནང་ ཉིན་ནུབ་མེད་པར་ གེ་ཟ་ཞིང་ཚུ་ སྲུང་སྡོད་མི་གཅིག་ བསོད་ནམས་ཆོས་སྒྲོན་ཨིནམ་ད་ མོ་གིས་འབད་བ་ཅིན་ རི་ཕག་ཚུ་གིས་ གནོདཔ་བཀལ་མི་ ས་ཞིང་སྟོངམ་ཚུ་ནང་ ཉིན་མ་ གེ་ཟའི་སོན་ ལོག་བཏབ་དོ་ཡོདཔ་ད་ ནུབ་མོར་ ལོ་ཐོག་བསྲུང་ནིའི་དོན་ལུ་ སྦ་སྒོར་ཅིག་ བཟོ་སྟེ་འདུག།
སྐྱེས་ལོ་༥༡ ལང་མི་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ གླང་དོ་ཕྱེད་དང་༢ ནང་ གེ་ཟའི་སོན་བཏབ་སྟེ་ བདུན་ཕྲག་༢ མ་ལངམ་ལས་ར་ རི་ཕག་ཚུ་ཐོན་ཏེ་ སོན་ཚུ་འཐུ་ཟ་བའི་ཁར་ ནུབ་མོ་ ཀ་ཤ་ཚུ་གིས་ཡང་ ལྕུག་གུ་ཚུ་ ཟ་ཚར་ཏེ་ཡོདཔ་ལས་ ལོག་སྟེ་ར་ སོན་ཚར་༢ བཏབ་དགོཔ་བྱུང་ཡི་ཟེར་ཨིན་པས།
བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཟད་འགྲོ་དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་བཏང་སྟེ་ སྐམ་ཞིང་ཨེ་ཀར་༡ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ གེ་ཟ་ཚུ་ ཟ་ཚར་བའི་ཤུལ་ལས་ ལོག་སོན་བཏབ་མི་ཚུ་ བདུན་ཕྲག་༡ ལངམ་ད་ ད་རུང་ རི་ཕག་ཚུ་གིས་ སོན་ཚུ་ག་ར་ སློངས་ཟ་ཚར་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ སོན་བཏབ་མི་ཚུ་ལུ་ གནོདཔ་མི་བཀལ་ནིའི་དོན་ལས་ ནུབ་མོར་ ཐོག་བསྲུང་འབད་ནི་ འགོ་བཙུགས་མི་དེ་ དུས་ཅི་ འགོ་དང་པ་ཨིན་ཟེར་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
བཟའ་ཚང་ནང་མི་༦ འཚོ་སྐྱོང་འཐབ་མི་ སྣང་སྲིད་མོ་གིས་ སླབ་མིའི་ནང་ མོ་ལུ་ ས་ཞིང་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ལས་ གླ་འཐུས་སྤྲོད་དེ་ གཞན་གྱི་ས་ཞིང་ གླང་དོ་༡ ལག་ལེན་འཐབ་མིའི་ནང་ འཛུགས་སྐྱོང་འབད་མི་གེ་ཟ་ཚུ་ མེདཔ་བཏང་ཡོདཔ་ལས་ དུས་ཅི་ བཟའ་ཚང་ཚུ་ ག་དེ་སྦེ་ འཚོ་སྐྱོང་འཐབ་ཚུགས་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཨ་ལོ་༡༡ སྐྱེས་མི་ ཆོས་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་གྱི་ལཱ་ལུ་བརྟེན་ མི་ཚེ་མཐར་འཁྱོལ་ཐོག་ སྡོད་ཚུགས་ནི་ལུ་ དོ་འགྲན་ཅན་འབྱུང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
གེ་ཟ་ཞིང་ཚུ་ མོ་རའི་ ཁྱིམ་གྱི་མཐའ་འཁོར་ལུ་ཡོད་རུང་ རི་ཕག་དང་ ཀ་ཤ་ཚུ་གིས་ ནུབ་མོར་ཨ་རྟག་ར་ གནོདཔ་བཀལ་བའི་ཁར་ འགྲོས་ཀྱིས་སྦེ་ མི་ལུ་ཡང་ གནོདཔ་བཀལ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ས་ཞིང་ཚུ་ ཁ་གཏོར་ཏེ་ཡོདཔ་ལས་ ཉི་དྲོད་དང་ གློག་མེ་ལུ་བརྟེན་ གློག་ཐག་བསྒོར་ནི་དེ་ཡང་ དཀའ་ངལ་ཡོདཔ་མ་ཚད་ མི་སེར་ཚུ་ ཉམ་ཆུང་ཙང་ཙ་འབདཝ་ལས་ གློག་ཐག་གི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགསཔ་མ་ཚད་ གཞུང་ལས་ རྒྱབ་སྐྱོར་ཡང་ཞུ་མ་ཚུགས་ཟེར་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
གེ་ཟ་གིས་ ལཱ་ལེ་ཤ་ འབད་བཏུབ་མི་དེ་ཡང་ སྲིབ་བརྡུང་སྟེ་ བཙོང་ནི་དང་ མགྱོནམ་ཚུ་ལུ་བྱིན་ནི་ དེ་ལས་ སྒོ་ནོར་སེམས་ཅན་ཚུ་གི་ ཆག་སྦེ་བྱིནམ་ཨིན་ ཨ་ལུ་༥ གི་ཨའི་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་ཨིན་པས།
སྤྱི་འོག་གི་ཚོགས་པ་ བདེ་སྐྱིད་གཡང་འཛོམས་ཀྱིས་ སླབ་མིའི་ནང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་སྐོར་ལས་ རྒེད་འོག་ནང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སྨན་སྦིས་རྒཔོ་ ཚུལ་ཁྲིམས་ལ་གིས་ སླབ་མི་དང་འཁྲིལཝ་ད་ ཉམས་རྒུདཔ་ཚུ་ལུ་ རྒེད་འོག་གི་ཧོངས་ལས་ འབད་ཐབས་མེདཔ་ལས་ རྫོང་ཁག་སོ་ནམ་ཡིག་ཚང་ནང་ སྙན་ཞུ་བཙུགས་ཏེ་ཡོད་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ རྡོ་རྗེ་གིས་འབད་བ་ཅིན་ སྤྱི་འོག་དེ་ནང་ ཉི་དྲོད་གློག་ཐག་བསྒོར་ནིའི་དོན་ལུ་ ཅ་ཆས་ཚུ་ རྫོང་ཁག་ནང་ ལྷོད་ཡོདཔ་བཞིན་དུ་ ལཱ་ཚུ་ཡང་ འབད་བའི་བསྒང་ར་ཡོད་ཟེར་ ཨིན་པས།
སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ ད་ཚུན་གྱི་བར་ན་ རྒེད་འོག་༨ ཀྱིས་གྲས་ལས་ རྫོང་ཁག་སོ་ནམ་ཡིག་ཚང་ནང་ རི་ཕག་ཚུ་གིས་ གེ་ཟའི་སོན་ཚུ་ སློངས་ཟ་བའི་སྙན་ཞུ་ལྷོད་མི་དེ་ འགོ་དང་པ་ཨིན་ཟེར་ སོ་ནམ་འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *