སོར་སྒྱུར་སྐབས་ཀྱི་ གནས་སྟངས།

༉ འདས་པའི་བདུན་ཕྲག་༢ ཀྱི་ཧེ་མར་ གཞུང་གསརཔ་གིས་ ཡིག་ཚང་རྩིས་ལེནམ་ལས་ཚུར་ གོམས་འདྲིས་ལས་རིམ་དང་ མཇལ་ཕྲད་ཞལ་འཛོམས་ཚུ་ནང་ འདུ་འཛི་ཐོག་ལུ་ཡོདཔ་ད་ དེ་ཡང་ གཞུང་སྐྱོང་གི་ གནད་དོན་ཚུ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ གོམས་འདྲིས་ཚུད་བཅུག་ནིའི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།
གཞུང་གི་གཙོ་རིམ་དེ་ར་ འཆར་གཞི་༡༢ པ་ མཐའ་དཔྱད་བཟོ་ནི་ཨིན་རུང་ ད་ལྟོ་ཚུན་ གཞུང་དང་ ཡང་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལས་ ཏན་ཏན་ཅིག་ ག་ནི་ཡང་མ་གོ། ང་བཅས་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ལྷན་ཚོགས་དང་གཅིག་ཁར་ འཆར་གཞི་གསརཔ་ཚུ་གི་ཐོག་ལུ་ གསུང་གྲོས་གནང་དོ་ཡོད་པའི་ཁར་ སྲིད་ཚོགས་གཞན་གྱི་ ཁས་བླངས་ལེགས་ཤོམ་ཚུ་ འཆར་གཞི་ནང་བཙུགས་ནིའི་དོན་ལུ་ ལྟ་དོ་ཟེར་ཨིན་མས།
འཆར་གཞི་གསར་པའི་ཐོག་ལུ་ གྲོས་བསྟུན་འབད་ནི་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ འཆར་གཞིའི་ཟིན་བྲིས་དེ་ ཁོང་རའི་ ཁས་བླངས་གསལ་བསྒྲགས་ཚུ་ ཟིན་འགོད་མ་འབད་བའི་ ཧེ་མ་ལས་ སྲིད་ཚོགས་ཆ་མཉམ་ལུ་ བགོ་བཀྲམ་འབད་ནུག།
ལྷན་ཚོགས་ཀྱིས་འབད་རུང་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ཚུ་གི་ ཟད་འགྲོའི་དབྱེ་དཔྱད་ཚུ་ འབད་ཡོདཔ་བཞིན་དུ་ ལཱ་དེ་ཚུ་ ཆ་མཉམ་ར་ གཞུང་སོར་སྒྱུར་དང་ ལཱ་གི་ལམ་ལུགས་ ལེགས་ཤོམ་འགྱོ་ནིའི་དོན་ལུ་ ཧེ་མ་ལས་འབད་ཚར་ནུག།
རྒྱལ་ཁབ་ཀྱིས་ ཟླཝ་༢ ཀྱི་རིང་ ཟླ་ནག་བརྩིས་མི་དེ་གིས་ འདུ་འཛི་མེད་པའི་ བར་མཚམས་ཅིག་སྦེ་ ལུས་ནི་ཨིན་པའི་ ཚོར་སྣང་བྱུང་དོ་ཡོདཔ་ད་ མ་གཞི་ད་ལྟོ་ ཧ་སུ་ཅིག་ཨིན་རུང་ མི་ཚུ་ བཟོད་བསྲན་མེདཔ་ཐལ་བའི་ཁར་ ཟླ་ནག་གི་སྐབས་ལུ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ ག་ཅི་འབད་དེ་ སྡོད་འོང་ག་ཟེར་བའི་ དྲི་བ་བཀོདཔ་ཨིན་མས།
འཆར་གཞི་གསརཔ་གི་ཐོག་ལུ་ གྲོས་བསྟུན་འབད་བཞིན་དུ་ཡོདཔ་ད་ གཞུང་གསརཔ་གིས་ བསྒྱུར་བ་འབག་འོང་ནིའི་ ཁས་ལེན་འབད་མི་དང་བསྟུན་ འཆར་གཞི་༡༢ པ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བརྟག་ཞིབ་ནང་ལས་ ངོས་འཛིན་བྱུང་མི་ཚུ་དང་ འོས་འབབ་ཡོད་མེད་ བལྟ་ནི་དེ་ཡང་ ལེགས་ཤོམ་ཅིག་ཨིན་མས།
མ་གཞི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་གཏད་སྦོམ་ཡོད་དེ་འབད་རུང་ ང་བཅས་རའི་ འཆར་གཞི་ཚུ་ ལྷག་པར་དུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དང་ གཞི་རྟེན་མཐུན་རྐྱེན་ཁ་ཐུག་ ཤུགས་ཆེར་འགྱོ་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྲིད་ཚོགས་ཀྱི་ ཁས་བླངས་ཚུ་ འཆར་གཞི་ནང་ བཙུགས་ནི་དེ་གིས་ཨིན་མས།
མི་སྡེའི་བློ་སྤོབས་དང་ སེམས་ཤུགས་སྲ་བརྟན་ཡོད་མི་དེ་ འབྲུག་མི་ཚུ་གི་ ནུས་ཤུགས་ངོ་མ་ཅིག་ཨིན་རུང་ འགྲོས་ཀྱིས་སྦེ་ར་ མར་ཉམས་འགྱོ་མི་དེ་ལུ་ སླར་གསོའི་ཐབས་བྱུས་ཅིག་ མ་མཐོང་པའི་ཁར་ དེ་བཟུམ་མའི་ སྙིང་བཅུད་ཉམས་སྲུང་འབད་ནིའི་དོན་ལུ་ འགན་འཁྲི་འབག་མི་ ངོ་ཚབ་ལས་སྡེ་དང་ གཙུག་སྡེ་ཅིག་ཡང་ མེདཔ་ཨིན་མས།
མི་སྡེ་ནང་ བློ་སྤོབས་དང་ སྙིང་བཅུད་ཉམས་འགྱོ་དགོ་པའི་ གནད་དོན་གཅིག་ ཚོགས་པའི་ སྲིད་བྱུས་ཚུ་ལུ་བརྟེན་ཏེ་ཨིན་པའི་ མངོན་གསལ་བྱུངམ་ཨིན་མས།
བློན་ཆེན་གྱིས་གསུངས་མིའི་ནང་ ཁོ་རའི་ གཞུང་སྐྱོང་གིས་འབད་རུང་ འགོ་དང་པ་ར་ རྒྱལ་ཁབ་གཅིག་མཐུན་དང་ གཅིག་སྒྲིལ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིནམ་བཞིན་དུ་ གཞུང་གིས་ བཙག་འཐུ་དང་འབྲེལ་བའི་ ཁྱད་པར་ཆགས་མི་དེ་ གཅིག་མཐུན་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེརཝ་ད་ ང་བཅས་ར་ སེམས་དགའ་དགོ་པའི་ གཞི་གནད་ཅིག་ཨིན་མས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *