སོར་བསྒྱུར་གྱི་དོན་ལུ་ མི་སེར་ལས་ངོས་ལེན།

༉ སྤྱི་ཚོགས་༣ པའི་རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་དེ་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཚར་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་ འབྲུག་པའི་མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཅི།

བཙག་འཐུའི་གྲུབ་འབྲས་ཚུ་ལུ་ བལྟ་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ སོར་བསྒྱུར་གྱི་དོན་ལུ་ འགོ་ཐོག་བཙག་འཐུ་ལས་ར་ ཨུ་ཚུགས་བསྐྱེད་མི་དེ་ འབྲུག་མི་ཚུ་ལུ་ ཡིད་ཆེས་འདྲོངས་པའི་ མངོན་གསལ་བྱུང་ཡི།

འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐལ་འཁྱོར་བྱུང་མི་ མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་དེ་ ལོ་༥ གི་བར་ན་ཚར་རེ་ མ་སོར་བ་ཅིན་ སྲིད་དོན་ཚོགས་པ་༡ ར་སྒྲིང་སྒྲི་བཏགས་པ་ཅིན་ དམངས་གཙོའི་རིང་ལུགས་ནང་ ལེགས་ཤོམ་མེན་ཟེར་ མི་སེར་ཚུ་ལུ་ ནན་བསྐུལ་འབདཝ་བཞིན་དུ་ མི་མང་ལས་ ངོས་ལེན་ཐོག་ ཁམ་ཤིང་མེ་ཏོག་དེ་ གཞུང་སྐྱོང་ནིའི་དོན་ལུ་ བཙག་འཐུ་གྲུབ་ཡོདཔ་ཨིན།

འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཡོངས་ཚོགས་འདུའི་ སྡོད་ཁྲི་༤༧ ལས་༣༠ ཐོབ་སྟེ་ གཞུང་སྐྱོང་གི་ གོ་སྐབས་ཐོབ་ཡོདཔ་ད་ སྡོད་ཁྲི་དེམ་ཅིག་ ཐོབ་འོང་ཟེར་ སྲིད་དོན་ལུ་ རྗེས་དཔྱད་འབད་མི་ཚུ་གིས་ རེ་བ་མ་བསྐྱེད་མི་དེ་ཡང་ འགོ་ཐོག་བཙག་འཐུ་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢༢ ཐོབ་ནི་དེ་གིས་ཨིན་མས།

ད་རུང་ རྒྱལ་ཁ་འཐོབ་ནི་གི་ ངེས་ཏིག་ཡོད་མི་ འདེམས་ཁོངས་ལ་ལོ་ཅིག་ མཉམ་རུབ་ཚོགས་པ་ལུ་ ཤོར་འོང་ཟེར་ རེ་བ་མ་བསྐྱེདཔ་ཨིན་རུང་ ཚོགས་པ་དེ་གིས་ འབྲུག་ཤར་ཕྱོགས་ལས་ སྐུལ་བསྒྲགས་འགོ་བཙུགས་ནི་གི་ ཐབས་བྱུས་བཏོན་མི་དེ་ དུམ་གྲ་ཅིག་ མཐར་འཁྱོལ་བྱུང་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་སྒྲིང་སྒྲི་ཡོད་མི་ འདེམས་ཁོངས་༣ མཉམ་རུབ་ཚོགས་པ་གིས་ ཐོབ་ཚུགས་ཡོདཔ་མ་ཚད་ ནུབ་ཕྱོགས་དང་ ལྷོ་མཚམས་རྫོང་ཁག་ག་ར་ལས་ རྒྱལ་ཁ་ཐོབ་ཅི།

ད་རུང་ ང་བཅས་ཀྱིས་ བཙག་འཐུའི་གྲུབ་འབྲས་ཚུ་ལུ་བལྟ་རུང་ ད་རིས་ཀྱི་ བཙག་འཐུ་ནང་ ལེགས་བསྒྱུར་གྱི་ བརྡ་མཚོན་ཅིག་ གསལ་སྟོན་བྱུང་མི་དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ ཨམ་སྲུ་འཐུས་མི་༧ འོང་ནི་ཨིནམ་ལས་ འདས་པའི་སྤྱི་ཚོགས་དང་ཕྱདཔ་ད་ ཨམ་སྲུའི་འཐུས་ཚབ་མངམ་ འོང་ནི་དང་ དེ་གིས་ མ་འོངས་པ་ལུ་ ཨམ་སྲུ་ཚུ་ སྲིད་དོན་ནང་ གྲལ་གཏོགས་ཀྱི་ སེམས་ཤུགས་བསྐྱེད་བཅུག་ནི་ལུ་ ལྷན་ཐབས་འབྱུང་ནི་མས།

བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༧༡ དེ་ཅིག་ འོང་མི་དེ་ འགོ་ཐོག་བཙག་འཐུ་ལས་ དུམ་གྲ་ཅིག་ ཡར་སེང་སོང་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ སྡོད་ཁྲི་༡༧ ཐོབ་ལས་ གཞུང་སྐྱོང་ནང་ དགག་བཤེར་དང་ ཚད་མཉམ་ཡོདཔ་ ངེས་བརྟན་བཟོ་མི་ ལྡོག་ཕྱོགས་སྒྲིང་སྒྲི་འོང་ནི་ཨིནམ་ལས་ བློ་བདེ་དགོཔ་ཅིག་ཨིན་མས།

ད་རེས་འབད་བའི་བསྒང་ལས་ བཙག་འཐུའི་བྱ་རིམ་མཇུག་བསྡུ་མི་དང་བསྟུན་ ང་བཅས་ལུ་ བློན་ཆེན་གསརཔ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསརཔ་ཚུ་ འོང་ནི་ཨིནམ་བཞིན་དུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ཡང་ སྲིད་ཚོགས་ཀྱི་ ཁས་བླངས་གསལ་བསྒྲགས་དང་འཁྲིལ་ སོར་བསྒྱུར་གྱི་ རེ་བ་བསྐྱེད་སྲིད་ནི་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ མི་ཚུ་གིས་ ཝའེ་ཕའེ་རིན་མེད་ཞབས་ཏོག་དང་ སྣུམ་འཁོར་ནང་འདྲེན་གྱི་ཐོབ་སྐལ་ དེ་ལས་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་ནམ་ལས་ གནང་འོང་ག་ཟེར་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་དང་ ལོ་རྒྱུས་སླབ་ནི་ འགོ་བཙུགས་ནི་དེ་གིས་ཨིན།

མི་ག་ར་གིས་ གཞུང་གསརཔ་ལུ་ ཁས་བླངས་ཚུ་ ག་དེ་སྦེ་ འགྲུབ་ཐབས་འབད་འོང་ག་ བལྟ་སྟེ་ར་ སྡོད་ནི་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པའི་ དམིགས་དོན་དེ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དེ་ཨིན་རུང་ བཙག་འཐུ་གྲུབ་མི་ གཞུང་གསརཔ་དེ་གིས་ བཙག་འཐུ་ལས་བརྟེན་པའི་ འཁོན་འཛིན་དང་ བྱ་སྟབས་མ་བདེཝ་ དེ་ལས་ མི་སྡེ་དང་ ལུང་ཕྱོགས་དབྱེ་ཁག་བཟོ་མི་ཚུ་ བདེ་སྒྲིག་ཐོག་ གཅིག་སྒྲིལ་དང་ འཆམ་མཐུན་བཟོ་ནི་ལུ་ གཙོ་རིམ་བཟུང་དགོ།

བཙག་འཐུ་མཇུག་བསྡུཝ་དང་འབྲེལ་ གཞུང་ལུ་ གལ་གནད་ཆེ་བའི་ འགན་ཁུར་འབག་དགོཔ་ཡོད་མི་དེ་ཡང་ ང་བཅས་ལུ་ མཐོ་འདོད་ཅན་གྱི་ འཆར་གཞི་༡༢ པ་ ལག་ལེན་འཐབ་དགོཔ་ཡོདཔ་བཞིན་དུ་ ལོ་ལྔའི་འཆར་གཞི་དེ་ མཐར་འཁྱོལ་ཚུགསཔ་དང་ སོར་བསྒྱུར་གྱི་དོན་ལུ་ ཁས་བླངས་འབད་མི་ཚུ་ འགྲུབ་དགོ་པ་ཅིན་ གཞུང་གིས་ མ་དངུལ་འཚོལ་སྒྲུབ་འབད་དགོ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *