སོར་ཆུད་འབད་ནི་རྐྱངམ་གཅིག་མེན་པར་ འགན་འཁྲི་བཀལ་ནི་དེ་ཡང་ གལ་ཆེ།

༉ ད་ལྟོ་ འཚོགས་གནང་པའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ཆ་ར་གིས་ ངན་ལྷད་བཀོག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༦ ཅན་མའི་གུ་ གསུང་གྲོས་གནངམ་ད་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ རྒྱལ་ཁབ་ནང་ ངན་ལྷད་མར་ཕབདང་ སྔོན་འགོག་འབད་ནི་ལུ་ འཇིགས་སྣང་མེད་པར་ ཕྱག་ཞུ་སྟེ་ མངོན་གསལ་ཅན་གྱི་ གྲུབ་འབྲས་བཏོན་མི་ལུ་ ལེགས་བསྟོད་གནང་ཡི།
ཚོགས་ཁང་གོང་འོག་༢ ཆ་ར་གིས་ སྙན་ཞུ་གུ་ གསུང་གྲོས་ཞིབ་པར་གནང་མི་དེ་གིས་ ངན་ལྷད་ལུ་ གདོང་ལེན་འབད་ནིའི་ནང་ རྒྱབ་སྐྱོར་ཡོད་མི་གིས་མ་དོ་བར་ སྔོན་འགོག་འབད་ནི་དེ་ སྤྱི་རུབ་ཀྱི་ འགན་ཁུར་ཨིན་པའི་ བརྡ་མཚོན་གསལ་སྟོན་འབདཝ་མས།
འདས་པའི་ཉིནམ་༢ ཀྱི་རིང་ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ བདག་སྐྱོང་དང་འབྲེལ་བའི་ ཉོགས་བཤད་ཚུ་ ངན་ལྷད་བཀོད་སྡོམ་ལྷན་ཚོགས་ཀྱིས་ དང་ལེན་གྱི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ནང་ ལོག་བཏང་མི་དང་འཁྲིལ་ དབྱེ་ཞིབ་འབདཝ་ད་ ཞི་གཡོགཔ་ཚུ་གི་ སེམས་ཤུགས་ཉམས་འགྱོ་བའི་སྐོར་ རྩོད་འགྲན་གནང་ཡི།
འཐུས་མི་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུང་མི་དེ་ཡང་ ལྷན་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་དཔྱད་རྐྱབ་ད་ ཞི་གཡོགཔ་ཚུ་ མི་མང་གི་གདོང་ཁར་ བརྙས་བཅོས་དང་ མི་དཀར་ལ་ཞྭ་ནག་སྤུབས་པའི་ ཁ་ཉེས་བཀལ་དོ་བཟུམ་ མཐོང་སྣང་བྱུང་ནི་དེ་གིས་ཨིན་མས།
འདས་པའི་ལོ་ནང་ ངན་ལྷད་བཀོད་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་༣༥༢ ཐོབ་མི་ཚུ་གི་གྲས་ལས་༡༢༦ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཚུ་ཨིནམ་ལས་ བདག་སྐྱོང་དང་ལེན་གྱི་དོན་ལུ་ ལས་སྡེ་ཚུ་ལུ་བཏང་ནུག།
ལམ་ལུགས་དང་འཁྲིལ་བ་ཅིན་ ཉོགས་བཤད་ཚུ་ བདག་སྐྱོང་དང་འབྲེལ་བའི་ དཀའ་ངལ་དང་ ངན་ལྷད་མེན་པའི་ འཆར་སྣང་བྱུང་སྐབས་ འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་ལུ་ བརྗེ་སོར་འབདཝ་བཞིན་དུ་ ལས་སྡེ་ཚུ་གིས་ ཉོགས་བཤད་ཚུ་ལུ་ དབྱེ་ཞིབ་འབད་ཞིནམ་ལས་ ཟླ་ངོ་༡ གི་ནང་འཁོད་ ལྷན་ཚོགས་ལུ་ དང་ལེན་གྲུབ་པའི་ སྙན་ཞུ་ཕུལ་དགོཔ་ཨིན་མས།
འཐུས་མི་ཚུ་གིས་འབད་བ་ཅིན་ དང་ལེན་གྱི་དོན་ལུ་ ཞིབ་དཔྱད་འབདཝ་ད་ ཁ་ཉེས་ཕོག་མི་ ཕོ་མོ་གང་རུང་ལུ་ ཉེས་མེད་ཐོན་སོང་རུང་ ཧེ་མ་ལས་ མི་སྡེའི་ནང་ མིང་གཏམ་མེདཔ་ བཏང་ཡོད་ནི་དེ་གིས་ ཞི་གཡོགཔ་ཚུ་ལུ་ བརྩོན་ཤུགས་བསྐྱེད་དེ་ ཕྱག་ཞུ་ནི་ལུ་ སེམས་ཤུགས་ཉམས་འགྱོཝ་མས་ཟེར་ཨིན་མས།
མ་གཞི་ འཐུས་མི་ཚུ་ལུ་ འདི་བཟུམ་མའི་ གནད་དོན་ནང་ ཚ་གྱང་ལང་དགོཔ་ཅིག་ཨིན་རུང་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་བ་ལྷག་པའི་ ཐུགས་བཞེད་གནང་དགོཔ་དང་ གནད་དོན་གལ་ཅན་གཞན་ཚུ་གི་སྐོར་ གསུང་གྲོས་གནང་ནི་དེ་ གནམ་མེད་ས་མེད་ཁག་ཆེ།
ག་འཆརཔ་ཟེར་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ གཞུང་དངུལ་ལྐོག་ཟ་འབད་བའི་ རྩོད་དོན་ཁག་༡༢ ནང་ འབྲེལ་གཏོགས་ཡོད་པའི་ ཉེས་འཛུགས་ཅན་༡༧ ལུ་ ཁྲིམས་གཅོད་འབད་ཚར་ཡོད་རུང་ འཁྲུན་ཆོད་བསྟར་སྤྱོད་ཀྱི་དོན་ལུ་ བསགས་ལུས་ཡོད་མིའི་སྐོར་ གསུང་གྲོས་གནང་ཡོད་རུང་ འགན་འཁྲི་ག་ལུ་ཕོགཔ་ཨིན་ན་ གསུང་གྲོས་གནང་དགོཔ་དེ་ ག་ནི་བ་ གལ་ཆེཝ་སྦེ་མཐོངམ་མས།
ཁྲིམས་འདུན་གོང་འོག་ཚུ་གིས་ རྩོད་བཤེར་རིམ་པར་གནང་སྟེ་ ཉེས་འཛུགས་ཅན་ཚུ་ལས་ རྒྱུ་དངོས་གང་ཡོད་ བཙན་ལེན་དང་ དམངས་དངུལ་ལྐོག་ཟ་འབད་བའི་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༠༩.༩༦༩ དེ་ཅིག་ སོར་ཆུད་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོད་རུང་ ད་ཚུན་གྱི་བར་ན་ གཞུང་གི་རྩིས་ཁྲའི་ནང་ སོར་ཆུད་མ་འབད་བར་འདུག།
ལམ་ལུགས་དང་འཁྲིལ་བ་ཅིན་ འཁྲུན་ཆོད་བསྟར་སྤྱོད་འབད་ནི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཁྲིམས་འདུན་ཚུ་ལུ་ འགན་འཁྲི་ཕོག་དགོཔ་ཨིན་རུང་ སྤྱི་ལོ་༢༠༠༩ ལས་ ད་ཚུན་གྱི་བར་ན་ མ་དངུལ་སོར་ཆུད་མ་འབད་མི་དེ་ གཙུག་སྡེ་དེ་གཉིས་ཀྱི་ འཐུས་ཤོར་སྦོམ་ཅིག་ཨིན་མས།
འདི་འབདཝ་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ གནད་དོན་དེ་ལུ་ གཙོ་རིམ་བཟུང་སྟེ་ ལྐོག་ཟ་འབད་བའི་ གཞུང་དངུལ་ཚུ་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ཡོད་རུང་ ད་ཚུན་སོར་ཆུད་མ་འབད་བར་བཞག་མིའི་ འགན་འཁྲི་ག་ལུ་ བཀལ་དགོཔ་ཨིན་ན་ ཐག་བཅད་ནི་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།

༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *