སོ་ནམ་ལྷན་ཁག་དང་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ འགན་འཁྲི་བཀལ་དགོཔ།

༉ ཀེ་བ་ཚོང་འབྲེལ་འཐབ་ནི་གི་ དུས་ཚོད་འགོ་བཙུགསཔ་ད་ སོ་ནམ་པ་ཚུ་ལུ་ དཀའཝ་སྤྱད་དེ་ ལཱ་འབད་བའི་མཐའ་མར་ ཐོན་སྐྱེད་ཚུ་ མི་རུལ་ག་ཟེར་བའི་ ཚ་གྱང་ལང་དགོཔ་ བྱུང་མི་དེ་ཡང་ དངམ་ཅིག་ལུ་ ཀེ་བ་སྐྱེལ་འདྲེན་འབད་བའི་སྐབས་ལུ་ ཆརཔ་གིས་སྦང་ནི་དང་ གཉིས་པ་འབདཝ་ད་ ཚོང་འབྲེལ་འཐབ་སར་ ཀེ་བ་བཞག་སའི་ ས་གོ་ཐོབ་པར་ ལཱ་ཁག་ཡོད་ནི་དེ་གིས་ཨིན་མས།
དེ་འབདཝ་ལས་ ང་བཅས་རའི་ སོ་ནམ་པ་ཚུ་གིས་ ཀེ་བ་ཚུ་ སྣུམ་འཁོར་ཊཱག་ནང་སྦེ་ རིན་བསྡུར་ཁང་ནང་ འབག་འགྱོ་བའི་སྐབས་ལུ་ དཀའ་ངལ་རེ་ གདོང་ལེན་འབད་དགོཔ་ བྱུང་དོ་ཡོད་མི་དེ་ཡང་ ཀེ་བ་བཞག་སའི་ ས་གོ་མ་ཐོབ་པའི་ དཀའ་ངལ་དང་ ཡང་ཅིན་ ཚོང་སྒྱུར་འཐབ་ཚརཝ་ད་ ཀེ་བའི་རིན་ མ་ཐོབ་པར་ བསྒུག་དགོཔ་ལས་ སོ་ནམ་ཚུ་ལུ་ ལཱ་ལྟོ་ཆགཔ་ཨིན་མས།
སོ་ནམ་ཞིང་པ་དང་ ཡང་ཅིན་ རིན་བསྡུར་ཐོག་ ཚོང་འབྲེལ་འཐབ་ནི་ལུ་ ལྷན་ཐབས་འབད་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་དོན་ལུ་ འདི་བཟུམ་གདོང་ལེན་བྱུང་མི་དེ་ དཀའ་ངལ་གསརཔ་ཅིག་མེནམ་ ག་ར་གིས་མ་ཤེསཔ་མེད།
ཨིན་རུང་ སོ་ནམ་པ་ཚུ་གི་ དཀའ་སྡུག་སེལ་ནི་ལུ་དམིགས་ཏེ་ དཀའ་ངལ་སེལ་ཐབས་མ་འབད་བར་ སྣང་མེད་བསྐྱུར་བཞག་མི་དེ་གིས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ལྕོགས་གྲུབ་མེད་པའི་ བརྡ་མཚོན་སྟོནམ་མས།
དཔྱེ་འབད་བ་ཅིན་ ན་ཧིང་ ཕུན་ཚོགས་གླིང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་དེ་ནང་ ས་གོའི་དཀའ་ངལ་ལུ་བརྟེན་ སོ་ནམ་པ་ཚུ་གིས་ རང་སོའི་ཀེ་བའི་ཕད་ཙེ་ཚུ་ འཁོར་ལམ་བདའ་སྟེ་ བརྩེགས་བཞག་དགོཔ་ བྱུང་པའི་ཁར་ ཀེ་བའི་དོ་ ས་ཁར་ཕབ་ནིའི་དོན་ལུ་ སྣུམ་འཁར་ཊཱག་བརྒྱ་ཕྲག་ལས་བཅད་དེ་ གྱལ་བསྣར་ཏེ་ བསྒུགས་སྡོད་དགོཔ་ཐོན་ནུག།
ད་རེས་འབདཝ་ད་ བསམ་གྲུབ་ལྗོངས་མཁར་རིན་བསྡུར་ཁང་ནང་ཡང་ སོ་ནམ་པ་ཚུ་ལུ་ དཀའ་ངལ་ཅོག་འཐདཔ་ བྱུང་སྟེ་ཡོདཔ་ཨིན་རུང་ ཁོང་རའི་ཐོན་སྐྱེད་ཚུ་ རིན་བསྡུར་ཐོག་ བཙོང་ནི་ལུ་ མ་བསྒུག་པར་ ཐད་ཀར་དུ་ རྒྱ་གར་གྱི་ ས་མཚམས་ནང་འབག་སྟེ་ བར་འབྲེལ་པ་ཚུ་ལུ་ བཙོངམ་ཨིན་མས།
ཀེ་བ་བཞག་ས་མ་ཐོབ་པའི་ དཀའ་ངལ་དེ་ ཚོང་འབྲེལ་འཐབ་པའི་ དུས་ཚོད་ནང་ ལོ་བསྟར་བཞིན་དུ་ ཐོན་དོ་ཡོད་རུང་ ད་ཚུན་གྱི་བར་ན་ དཀའ་ངལ་སེལ་ནི་གི་ ཐབས་ལམ་འོས་ལྡན་ཅིག་ བཏོན་སར་མ་མཐོངམ་ལས་ སྤྱི་ཚོགས་ནང་ཡང་ གསུང་གྲོས་གནང་ཡོདཔ་ད་ དེ་བསྒང་ རིན་བསྡུར་ཁང་ནང་ སོ་ནམ་ཞིང་པ་ཚུ་ལུ་ གྱོང་རྒུད་ཕོག་མི་བཅུག་ནིའི་དོན་ལས་ ཐབས་ལམ་ག་ཅི་བཟུམ་ བཏོན་ཏེ་ཡོདཔ་ཨིན་ན་ཟེར་ སོ་ནམ་བློན་པོ་ལུ་ དྲི་བ་ཞུ་བའི་སྐབས་ ཐབས་ལམ་ཚུ་ བཏོན་བཞིན་དུ་ཡོད་ཟེར་ཞུ་ཡོད།
སོ་ནམ་ལྷན་ཁག་གི་ ཁ་ཐུག་ལས་ ཐབས་ལམ་ཚུ་ བཏོན་ཡོད་པ་ཅིན་ ད་རེས་ནངས་པར་ ང་བཅས་རའི་ སོ་ནམ་པ་ཚུ་ ཀེ་བ་བཙོང་ནི་དང་འབྲེལ་བའི་ དཀའ་ངལ་ཐོན་དགོཔ་མེད།
ད་རེས་ནངས་པར་ སོ་ནམ་པ་ཚུ་གིས་ རང་སོའི་ཐོན་སྐྱེད་ཚུ་ རིན་བསྡུར་ཁང་བརྒྱུད་དེ་ བཙོང་ནི་ལས་ ཟུར་ཐབས་འབད་མི་དེ་ཡང་ སོ་ནམ་ལྷན་ཁག་དང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཁ་ཐུག་ལས་ འཐུས་ཤོར་སྦོམ་ བྱུང་མི་ལུ་བརྟེན་ཨིན།
ཀེ་བ་དེ་ མཐའ་ཟུར་ལུ་སྡོད་མི་ སོ་ནམ་པ་ཚུ་གི་དོན་ལུ་ དངུལ་ཐོག་གཙོ་ཅན་ཅིག་ཨིནམ་ལས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ དཀའ་ངལ་ཡོད་རུང་ ཉིན་ནུབ་མེད་པར་ ལོ་ཐོག་སྲུང་ཐོག་ལས་ ཐོན་སྐྱེད་ཐོབ་པའི་ཤུལ་ལུ་ ཚོང་འབྲེལ་འཐབ་སའི་ ས་གོ་ནང་ལྷོདཔ་ད་ བྱི་ཙི་ཚུ་གིས་ མེདཔ་གཏང་ནི་དང་ རུལ་ནི་ལས་ བསྲུང་ཐབས་ལུ་ ད་རུང་ ཀེ་བ་བསྲུང་དགོཔ་ བྱུང་མི་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ སོ་ནམ་པ་ཚུ་གི་ བདེ་ཐབས་ལུ་ གཙོ་རིམ་མ་བཟུང་པའི་ སྐྱོན་ལུ་བརྟེན་ཨིན་མས།
ང་བཅས་ཀྱི་ སོ་ནམ་ཐོན་སྐྱེད་ཡར་སེང་དང་ སོ་ནམ་པ་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་དགོ་པ་ཅིན་ ཕྱི་རྒྱལ་གྱི་ ཚོང་སྡེ་ཚུ་ལུ་ ཚོང་འབྲེལ་འཐབ་ནིའི་ནང་ ལྷན་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་ནི་མེན་པར་ ནང་འཁོད་ཀྱི་ སོ་ནམ་པ་ཚུ་གི་ གདོང་ལེན་དང་ དཀའ་ངལ་ཚུ་ལུ་ སེལ་ཐབས་འབད་དགོ། དེ་མིན་ སོ་ནམ་ལྷན་ཁག་དང་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ འོས་ལྡན་གྱི་ འགན་འཁྲི་བཀལ་དགོཔ་དེ་གལ་ཆེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *