སོ་ནམ་ཚོང་ཁང་༡༡༩ གཞི་བཙུགས་འབད་ཡོདཔ།

༉ གདོང་ལེན་སྦོམ་ཡོད་པའི་ ཁེ་སང་ཉུང་སུ་ཅིག་ལས་མེད་རུང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱལ་ཁབ་ནང་འཁོད་ལུ་ སོ་ནམ་ཚོང་ཁང་༡༡༩ གཞི་བཙུགས་འབད་ཡོདཔ་ཨིན་པས།
དུས་ཅིའི་ ལོ་རྐྱངམ་གཅིག་ནང་ར་ ལས་འཛིན་གྱིས་ ཚོང་ཁང་༣༡ སྒོ་ཕྱེས་ནུག།
ད་རུང་ ཚོང་ཁང་༨༦ ཕྱེ་ནིའི་དོན་ལུ་ ལཱ་ཚུ་འབད་བཞིན་དུ་ཡོདཔ་ལས་ ལོ་མཇུག་བསྡུ་ཁམས་ལུ་ རྒེད་འོག་༢༠༥ ག་རའི་ནང་ སོ་ནམ་ཚོང་ཁང་ ཁྱབ་ཚུགསཔ་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ཚོང་ཁང་སྒོ་ཕྱེ་དགོཔ་༨༦ ཡོད་མི་ལས་༣༥ དེ་ སྤྱི་ཟླ་༧ པ་དང་༨ པའི་ནང་ སྒོ་ཕྱེ་ནི་ཨིནམ་ད་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀརྨ་དངོས་གྲུབ་ཀྱིས་འབད་བ་ཅིན་ སོ་ནམ་ལྷན་ཁག་དང་ རྒེད་འོག་ དེ་ལས་ རྫོང་ཁག་བདག་སྐྱོང་དང་ མཉམ་འབྲེལ་ཐོག་ལས་ ཚོང་ཁང་ཚུ་ བཙུགས་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སོ་ནམ་ཚོང་ཁང་ཚུ་གིས་ གྲོང་གསེབ་མི་སྡེ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ དེ་གི་ནང་ལས་ཡང་ དམིགས་བསལ་དུ་ མཐའ་ཟུར་གྱི་གྲོང་གསེབ་ དཔེར་ན་ སག་སྟེང་དང་ ལ་ཡ་ ལུང་ནག་ནང་བཟུམ་མའི་ གྲོང་གསེབ་ཚུ་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཚོང་ཁང་ཚུ་གིས་ མི་སྡེ་ལུ་ ཕན་ཐོགས་པའི་ཁར་ ལཱ་གི་གོ་སྐབས་ཡང་ བཟོ་ཚུགས་ཏེ་ཡོད་པའི་གུ་ གློ་བུར་གྱི་ དཀའ་ངལ་ཐོན་པའི་སྐབས་ཡང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ལས་འཛིན་གྱི་ གནས་སྡུད་དང་འཁྲིལཝ་ད་ ཚོང་ཁང་བཙུགས་ནིའི་དོན་ལུ་ མ་དངུལ་གྱི་ གྲོགས་རམ་མང་སུ་ གཞུང་གིས་བཏང་སྟེ་ཡོདཔ་ད་ ལས་འཛིན་གྱིས་ སྤྱི་ལོ་༢༠༡༦ ཚུན་ཚོད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༦.༡༤ བཏང་ཡོདཔ་བཞིན་དུ་ སོ་ནམ་ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༦.༦༩ དེ་ཅིག་ གཞི་རྟེན་མཐུན་རྐྱེན་དང་ ལས་བྱེདཔ་ཚུ་གི་དོན་ལུ་ གྲོགས་རམ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ཚུན་ཚོད་ ལས་འཛིན་གྱིས་ དངུལ་ཀྲམ་ས་ཡ་༡༡༥.༣༢ གནས་པའི་ ཚོང་ཆས་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ དེ་གི་ནང་ལས་ཡང་ དངུལ་ཀྲམ་ས་ཡ་༧༠.༤༢ དེ་ཅིག་གནས་པའི་ བཟའ་ཆས་བཀྲམ་སྤེལ་འབད་ནུག།
ཨིན་རུང་ ལས་འཛིན་ལུ་ ཚོང་ཁང་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ གདོང་ལེན་ལེ་ཤ་ཐོན་ཡོད་མིའི་གྲས་ལས་ མ་དངུལ་མ་ལང་པའི་ དཀའ་ངལ་སྦོམ་ཐོན་ཡོདཔ་ཨིན་པས།
ལས་འཛིན་ལུ་ མ་དངུལ་ཚད་ཅིག་ལས་མེད་མི་དེ་ སོ་ནམ་ཚོང་ཁང་ཚུ་ནང་ བཀྲམ་སྤེལ་འབད་དགོ་ནི་དེ་གིས་ གཞུང་ལས་ དངུལ་ཀྲམ་ས་ཡ་༢༠༠ དེ་ཅིག་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ཚོང་ཁང་ཚུ་ནང་ འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡོད་མི་དེ་གིས་ཡང་ ཚོང་ཆས་ཚུ་ དུས་ཚོད་ཁར་ བཀྲམ་སྤེལ་འབད་མ་ཚུགས་པའི་ གདོང་ལེན་སྦོམ་བྱིན་མས་ཟེར་ཨིན་པས།
ཆརཔ་རྐྱབ་པའི་ དུས་ཚོད་ནང་ ཚོང་ཆས་ཚུ་ གསོག་འཇོག་འབད་སའི་ ས་གོ་མེད་པའི་ཁར་ ཚོང་ཁང་ཚུ་གི་དོན་ལུ་ གསོག་འཇོག་མངམ་སྦེ་ འབད་དགོ་ནི་དེ་གིས་ ལས་འཛིན་གྱིས་ གཞན་ཁར་ཚོང་འབྲེལ་འབད་ནི་གི་ གོ་སྐབས་ཚུ་ བཤོལ་བཞག་དགོ་པས་ཟེར་ཨིན་པས།
དེ་མ་ཚད་ ཚོང་ཁང་ཚུ་ མཐའ་ཟུར་ལས་ཕར་ བརྒྱུད་འཕྲིན་དང་ ཡོངས་འབྲེལ་གྱི་ མཐུན་རྐྱེན་མེད་སར་ སྒོ་ཕྱེས་ཏེ་ཡོད་ནི་དེ་གིས་ ཚོང་ཆས་དང་འབྲེལ་བའི་ བརྡ་དོན་ཚུ་ཡང་ དུས་ཚོད་ཁར་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
ན་ཧིང་ ཟླ་༡༢ པའི་ནང་ལས་ སོ་ནམ་ཚོང་ཁང་༨༧ དེ་ཅིག་ སྒོ་ཕྱེས་ཡོད་མི་ལས་ ཚོང་ཁང་༡༥ རྐྱངམ་གཅིག་གིས་ ཁེ་སང་དངུལ་ཀྲམ་ས་ཡ་༠.༨༢༡ བཟོ་ཚུགས་ཏེ་ཡོད་རུང་ ལྷག་ལུས་ཚོང་ཁང་༧༢ ལས་ དངུལ་ཀྲམ་ས་ཡ་༤.༦༣ རྒུད་ཕོག་ཡོདཔ་ད་ སོ་ནམ་ཚོང་ཁང་བཙུགས་ནི་དེ་ གཞུང་གི་ཁས་བླངས་ཅིག་ཨིན་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *