པདྨ་ཆོས་སྒྲོན་གྱི་ ཉ་དུ་སྐམ་རྐྱབ་སའི་ས་ཁོངས།

སོ་ནམ་པ་ཨམ་སྲུ་༡ གི་ དུ་སྐམ་རྐྱབ་པའི་ ཉ་ཤའི་ཚོང་འབྲེལ་ ལེགས་ཤོམ་བྱུང་དོ་ཡོདཔ།

༉ ད་ཚུན་གྱི་བར་ན་ ཉ་རྡོ་སྲེགམ་དེ་ ནུབ་ཕྱོགས་རྫོང་ཁག་ དབང་འདུས་ཕོ་བྲང་ལས་ ཐོནམ་ཨིན་རུང་ ད་རེས་ནངས་པར་ ཉ་རྡོ་སྲེགམ་དང་ ཆ་འདྲཝ་སྦེ་ དབུས་ཕྱོགས་རྫོང་ཁག་ གཞལམ་སྒང་ལས་ཡང་ ཚོང་འབྲེལ་འཐབ་ཨིན་པས།

མ་གཞི་ ཉ་རྡོ་སྲེགམ་དེ་ རྡོ་ལེབ་ཚ་ཏོམ་བར་ན་སྲེག་སྟེ་བཟོ་བའི་ ཉ་སྐམ་ལུ་ སླབ་ཨིན་རུང་ གཞལམ་སྒང་ཀྲོང་རྒེད་འོག་ བེར་ཏི་གཡུས་ཚན་ལས་ ཐོན་སྐྱེན་འབད་མི་ ཉ་ཤ་ཚུ་ དུ་སྐམ་རྐྱབ་སྟེ་བཙོང་ནི་ འགོ་བཙུགས་ཡོདཔ་ལས་ ད་རེས་ནངས་པར་ ཚོང་འབྲེལ་ལེགས་ཤོམ་འགྱོ་བའི་ མཐོང་གསལ་བྱུངམ་ཨིན་པས།
མ་གཞི་ གཡུས་ཚན་དེ་ནང་ ཉ་གསོ་སྐྱོང་འཐབ་མི་ སོ་ནམ་པ་དག་པ་ཅིག་ཡོད་རུང་ ཁོང་གི་གྲས་ལས་ སྐྱེས་ལོ་༣༡ ལང་མི་ པདྨ་ཆོས་སྒྲོན་གྱིས་ ཐབས་རིག་གསར་གཏོད་ཐོག་ སྤྱི་ལོ་༢༠༡༦ ལས་ ཉ་དུ་སྐམ་རྐྱབ་སྟེ་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
པདྨ་ཆོས་སྒྲོན་གྱི་ ཉ་གསོ་སྐྱོང་ཁང་དེ་ཡང་ ཏིང་ཏི་སྦིས་ལས་ བེར་ཏི་གཡུས་ཚན་ནང་འགྱོཝ་ད་ ཁྱིམ་དང་པ་ མཐོང་གསལ་བྱུང་མིའི་ གེ་ཟ་ཞིང་སྦོམ་ཅིག་ནང་ གཞི་བཙུགས་འབད་དེ་འདུག།
གེ་ཟ་ཞིང་གི་ མཐའ་སྐོར་ཏེ་ ལྕགས་སྐུད་ར་བ་གིས་ བསྒོར་ཡོདཔ་བཞིན་དུ་ དེ་ནང་འཛུལ་འགྱོཝ་ད་ སྦ་སྒོར་ཅིག་ནང་ལས་ དུ་པ་ཐོན་ས་མཐོང་མི་དེ་ ཉ་དུ་སྐམ་རྐྱབ་ས་ཨིནམ་ད་ དུ་སྐམ་རྐྱབ་ཐངས་དེ་ཡང་ ལྕགས་དུམ་ཆུང་ཀུ་དག་པ་ཅིག་གི་གུ་ ཉ་རློནམ་ཚུ་བཀལ་ཏེ་ འོག་ལས་མེ་འཕུ་ཐོག་ལས་ དུ་སྐམ་རྐྱབ་ཨིན་པས།
པདྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གིས་ ཉ་དུ་སྐམ་རྐྱབ་སྟེ་ བཙོང་ནི་དེ་ སྤྱི་ལོ་༢༠༡༦ ལས་ འགོ་བཙུགས་ཞིནམ་ལས་ཚུར་ མཁོ་འདོད་བཀོད་མི་ ཡར་འཕར་སོང་ཡི་ཟེར་ཨིནམ་ད་ ཉ་ཚུ་ཆུ་རྫིང་ནང་ལས་བཏོན་ཏེ་ བཙོང་པ་ཅིན་ ཉོ་མི་གངམ་མེད་མི་ལུ་བརྟེན་ ཐབས་ཤེས་གསརཔ་ བཏོན་ཡི་ཟེར་ བཤདཔ་ཨིན་པས།
ད་རེས་འབད་བའི་བསྒང་ལས་ མོ་གི་ ཉ་སྐམ་ཉོ་བར་ གཞལམ་སྒང་དང་ རྫོང་ཁག་སོ་སོའི་མི་ཚུ་ འོང་ནི་ཡོདཔ་ལས་ མཁོ་འདོད་བསྒྲུབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ པདྨ་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།
ཉ་དུ་སྐམ་རྐྱབ་སའི་ཐབ་དེ་ ཆུང་ཀུ་ཅིག་ལས་བརྒལ་ མེདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་བདག་སྐྱོང་གི་ གྲོགས་རམ་ཐོག་ལས་ ཐབ་སྦོམ་ཅིག་ རྐྱབ་བྱིན་ཡོདཔ་ད་ དེ་ནང་ རྩི་ས་གིས་རྐྱབ་མི་ ཉ་ཆུ་བཤལ་རྐྱབ་སའི་ ས་ཁོངས་ཚུ་ཡང་འདུག།
མགྱོགས་པ་ར་ འགོ་འབྱེད་འབད་ནི་ཨིན་མི་ ཐབ་གསརཔ་ལག་ལེན་འཐབ་པའི་བསྒང་ལས་ ཧ་ལམ་ཉ་ཀེ་ཇི་༢༠ དེ་རེ་ སྟབས་གཅིག་ཁར་ དུ་སྐམ་རྐྱབ་ཚུགས་ནི་ཨིན་པས།
པདྨ་ཆོས་སྒྲོན་གྱིས་ ན་ཧིང་ ཆུ་རྫིང་གཉིས་ནང་ ཉ་༣༠,༠༠༠ དེ་ཅིག་ལས་ གསོ་སྐྱོང་མ་འབད་རུང་ ད་ལས་ཕར་ ཉ་༤༠,༠༠༠ ལུ་ ཡར་སེང་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ན་ཧིང་ མོ་གིས་ འོང་འབབ་དངུལ་ཀྲམ་འབུམ་༡ དེ་ཅིག་ བཟོ་ཚུགས་ཡོད་རུང་ དུས་ཅི་ ཉ་སོན་ཡར་སེང་འབད་མི་ལུ་བརྟེན་ འོང་འབབ་ཡང་ ཡར་སེང་འགྱོ་བའི་ རེ་བ་བསྐྱེད་དོ་ཟེར་ བཤདཔ་ཨིན་པས།
མོ་ལུ་ བཟའ་ཁང་ཚུ་གིས་ཡང་ དུ་སྐམ་རྐྱབ་མི་ ཉ་ཚུ་ མཁོ་འདོད་བཀོད་མི་ ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་པས།
མོ་གིས་ ཉ་རློནམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་རུང་ དུ་སྐམ་རྐྱབ་མི་ ཉ་ག་རམ་༢༠༠ ལུ་ དངུལ་ཀྲམ་༡༥༠ རེ་སྦེ་ བཙོང་དོ་ཡོདཔ་ལས་ ཁེ་སང་བཟོ་ཚུགས་དོ་ཡོདཔ་ཨིན་པས།
པདྨ་ཆོས་སྒྲོན་གྱིས་འབད་བ་ཅིན་ མ་གཞི་ མོ་གིས་ སེམས་ཤུགས་བསྐྱེད་དེ་ ལཱ་འབད་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ ཉ་གསོ་སྐྱོང་འབད་ནི་དེ་ སྡིག་པའི་ལཱ་སྦོམ་ཅིག་ཨིནམ་སྦེ་ སླབ་དོ་ཡོདཔ་མ་ཚད་ ལ་ལོ་གིས་ ངལ་རངས་པའི་ ལོ་རྒྱུས་ཚུ་སླབ་སྟེ་ སེམས་ཤུགས་བྱིན་མི་ཡང་ ཐོནམ་མས་ཟེར་ཨིན་པས།
མོ་གིས་ ཉ་གསོ་སྐྱོང་འཐབ་ནི་དེ་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ དེ་ནང་ གློ་མེའི་མཐུན་རྐྱེན་མེད་པའི་ དཀའ་ངལ་ཡོདཔ་ཨིན་པས།
མོ་གིས་ ཉ་རྐྱངམ་གཅིག་མེན་པར་ ཕགཔ་དང་ བྱ་ཚུ་ཡང་ གསོ་སྐྱོང་འབད་དོ་ཡོདཔ་ད་ ལཱ་དེ་ཚུ་ནང་ མོ་རའི་ཨ་པ་དང་ རྨགཔ་གིས་ ཆ་རོགས་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཉི་མ་དབང་འདུས།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *