སོ་ནམ་པ་ཚུ་གིས་ ཁོང་རའི་ཐོན་སྐྱེད་མང་ཤོས་ར་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ སིལ་ཚོང་པ་དང་ སྦུང་ཚོང་རྐྱབ་མི་ཚུ་ལུ་ བཙོངམ་ཨིན་པས།

སོ་ནམ་པ་ཚུ་ སིལ་ཚོང་པ་ཚུ་དང་ ཐད་ཀར་དུ་ འབྲེལ་བ་བཟོ་ནིའི་བརྩོན་ཤུགས།

༉ རྒྱལ་ཁབ་ནང་ སོ་ནམ་ཐོན་སྐྱེད་ཀྱི་ གོང་ཚད་མཐོ་དྲགས་ཡོད་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ད་ ད་ལྟོའི་ལམ་ལུགས་ནང་ བར་འབྲེལ་བ་ཚུ་གིས་ སོ་ནམ་པ་ཚུ་ལས་ཉོ་སྟེ་ སིལ་ཚོང་པ་དང་ སྦུང་ཚོང་རྐྱབ་མི་ཚུ་ལུ་ བཙོངམ་ཨིན་པས།

ཨིན་རུང་ སེར་སྦྱངམ་ཟེར་མི་ ཌི་ཇི་ཊཱལ་ཡོངས་འབྲེལ་གྱི་ ཚོང་འབྲེལ་ལམ་ལུགས་དེ་གིས་ བར་འབྲེལ་བ་ཚུ་ ཕྱིར་བཏོན་ཐོག་ ད་ལྟོ་ཚུན་ ཁོང་གིས་ཟ་མི་ ཁེ་སང་ཚུ་ སོ་ནམ་པ་ཚུ་ལུ་ སྤྲོད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།

སེར་སྦྱངམ་གཞི་བཙུགས་འབད་མི་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ལམ་ལུགས་དེ་གིས་ སོ་ནམ་པ་ཚུ་དང་ ཚོང་མགྲོན་པ་ཚུ་གི་བར་ན་ འབྲེལ་བ་བཟོ་ནི་དང་ སོ་ནམ་ཐོན་སྐྱེད་ཚུ་བསྡུ་ནི་ དེ་ལས་ ཐོན་སྐྱེད་ཀྱི་ གོང་ཚད་ཚུ་གི་ གནས་སྡུད་ཚུ་ཡང་ སྡུ་ལེན་འབད་ནི་ཨིན་པས།

ཀུན་ལེགས་དབང་ཕྱུག་གིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་འབད་ནིའི་ ལྕོགས་གྲུབ་དང་འཁྲིལ་ འོང་འབབ་ཡར་དྲག་གཏང་ནི་ལུ་ སེར་སྦྱངམ་ལས་སྡེ་ལས་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

སེར་སྦྱངམ་གིས་ ཚོང་ལམ་བཟོ་ནི་དང་ ལྕངམ་སྤོ་སོར་འབད་དེ་བཙུགས་ནི་ དེ་ལས་ སྐྱེལ་འདྲེན་འབད་ནི་ཚུ་ལུ་ ཤུགས་བཏོན་ནི་ཨིན་པས།

སར་སྦྱངམ་གིས་ ནང་འཁོད་ཀྱི་ ཚོང་ལམ་རྐྱངམ་གཅིག་མེན་པར་ ཕྱི་རྒྱལ་ཚོང་ལམ་གྱི་དོན་ལུ་ཡང་ སོ་ནམ་ཐོན་སྐྱེད་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིནམ་བཞིན་དུ་ འགོ་སྐབས་དེ་གིས་ རྒྱལ་ཁབ་ཀྱི་ བཟའ་འཐུང་ཉེན་སྲུང་ལུ་ཡང་ རྒྱབ་སྐྱོར་འབད་འོང་ཟེར་ བཤདཔ་ཨིན་པས།

གོ་སྐབས་དེ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ འགོ་བཙུགས་ནི་དང་ དེ་གི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཡང་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ ཐོ་བཀོད་འབད་ནིའི་ ལཱ་ཚུ་ཡང་ འབད་བཞིན་དུ་ཡོདཔ་ཨིན་པས།

གོ་སྐབས་དེ་གི་དོན་ལུ་ ཟད་འགྲོ་མ་དངུལ་དེ་ བློ་ལྡན་གཞི་ཚོགས་ཀྱིས་ བཏང་ཡོདཔ་དང་ ཡུ་ཨེསི་རྒྱབ་སྐྱོར་ལས་རིམ་གྱིས་ཡང་ ཆ་རོགས་འབད་ཡོདཔ་ཨིན་པས།

མ་གཞི་ མང་ཤོས་ཅིག་གིས་ སོ་ནམ་པ་ཚུ་ སིལ་ཚོང་པ་ཚུ་དང་ ཐད་ཀར་དུ་ འབྲེལ་བ་བཟོ་དགོ་པའི་ བསམ་བཤད་བཀོད་དོ་ཡོདཔ་ཨིན་རུང་ སོ་ནམ་ཐོན་སྐྱེད་ཚོང་འབྲེལ་མཉམ་ལས་ལས་ཁུངས་ཀྱི་མདོ་ཆེན་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ དེ་བཟུམ་འབད་ནིའི་ནང་ ཚོང་ལམ་འཚོལ་ནི་དེ་ ག་དེ་སྦེ་ ལེགས་ཤོམ་འགྱོ་བཏུབ་འོང་ག་ ཚ་གྱང་ཡོད་ཟེར་ཨིན་པས།

མོ་གིས་ སོ་ནམ་ཐོན་སྐྱེད་བཀྲམ་སྤེལ་ལམ་ལུགས་ནང་ སྦུང་ཚོང་རྐྱབ་མི་ཚུ་ ཁག་ཆེ་དྲགས་ཨིན་ཟེར་ བཤདཔ་ཨིན་པས།

ཀུན་ལེགས་དབང་ཕྱུག་གིས་འབད་བ་ཅིན་ སོ་ནམ་ཐོན་སྐྱེད་འབད་མི་ ལེ་ཤ་ཡོད་མི་དང་འཁྲིལ་ སིལ་ཚོང་པ་ཚུ་དང་ ཐད་ཀར་དུ་ འབྲེལ་བ་བཟོ་ནི་དེ་ ཕན་ཐོགས་ཅན་ཅིག་ མི་འོང་ནི་ཨིནམ་ལས་ སྦུང་ཚོང་པ་ཚུ་ བཙུགསཔ་དྲག་ཟེར་ཨིན་པས།

ད་རེས་ ལས་ཁུངས་ཀྱིས་ སོ་ནམ་ཐོན་སྐྱེད་འབད་མི་ཚུ་ སིལ་ཚོང་པ་དང་ འབྲེལ་བ་བཟོ་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ ཡོདཔ་ད་ ད་ཚུན་ སོ་ནམ་པ་ཚུ་གིས་ སློབ་གྲྭ་༤༠༠ དང་གཅིག་ཁར་ འབྲེལ་བ་བཟོ་ཡོདཔ་ཨིན་པས།

ད་རུང་ ལས་ཁུངས་ཀྱིས་ དར་དཀར་ནང་གི་ སྒོགཔ་ཐོན་སྐྱེད་འབད་མི་ སོ་ནམ་པ་ཚུ་ ཐིམ་ཕུག་ལུ་ སྦུང་ཚུང་པ་ཚུ་དང་ཡང་ འབྲེ་བ་བཟོ་ཡོདཔ་ཨིན་པས།

ཀུན་ལེགས་ཚེ་རིང་གིས་འབད་བ་ཅིན་ ད་ཚུན་འབད་རུང་ ལས་ཁུངས་ཀྱིས་ སོ་ནམ་པ་ཚུ་ སིལ་ཚོང་པ་ཚུ་དང་ ཐད་ཀར་གྱི་ འབྲེལ་བ་བཟོ་ནི་ལུ་ རྩ་འགེངས་བཞིན་དུ་ཡོད་པའི་ཁར་ ད་ལས་ཕར་འབད་རུང་ འཕྲོ་མཐུད་དེ་ ལཱ་འབད་འོང་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *