༉ འབྲུག་ལུ་ སོ་ནམ་འདི་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་མི་ གཙོ་ཅན་ཅིག་ཨིནམ་མ་ཚད་ འབྲུག་མི་བརྒྱ་ཆ་༨༠ དེ་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་ སྡོད་མི་དེ་ ག་གིས་ཡང་མ་ཤེསཔ་མེད།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ སྤྱི་ལོ་༢༠༡༧ ཅན་མའི་ རྩིས་དཔྱད་དང་འཁྲིལཝ་ད་ སོ་ནམ་གྱི་ ཐོན་སྐྱེད་ཚུ་གི་གྲས་ལས་ སོ་ནམ་པ་ཚུ་ ཡར་སྐྱེད་དང་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་མི་ ལོ་ཐོག་ཚུ་ཨིནམ་ད་ ལོ་ཐོག་སྡེ་ཚན་ནང་ སྤྱི་ལོ་༢༠༡༦ ལུ་ ལོ་ཐོག་ཐོན་སྐྱེད་ཚུ་གིས་ སྡེ་ཚན་གོང་འཕེལ་ལུ་ བརྒྱ་ཆ་༦.༥༤ ལྷན་ཐབས་འབད་ནུག།
དངུལ་འབྲེལ་གྱི་ འོང་འབབ་ནང་འབད་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ ལོ་ཐོག་ཚུ་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༢༢,༡༡༡.༥༠བཟོ་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་ས་ཡ་༢༤,༥༦༥.༤༤ ཡར་འཕར་སོང་ཡོདཔ་ད་ སོ་ནམ་གྱིས་ ནང་འཁོད་ཡོངས་འབོར་ཐོན་སྐྱེད་ལུ་ བརྒྱ་ཆ་༡༦.༥༢ དེ་ཅིག་ ལྷན་ཐབས་འབདཝ་ཨིན་མས།
འབྲུག་གི་དམིགས་ཡུལ་ཡང་ ནང་འཁོད་ཐོན་སྐྱེད་རང་ལྡང་བཟོ་ནི་དེ་ཨིནམ་ལས་ ལོ་ལྔའི་གོང་འཕེལ་འཆར་གཞི་ནང་འབད་རུང་ གཙོ་རིམ་བཟུང་སྟེ་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ཡང་ དཔལ་འབྱོར་རྒྱ་སྐྱེད་ཀྱི་དོན་ལུ་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་མས།
འདི་འབདཝ་ད་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ མཐའ་ཟུར་ས་གནས་མང་ཤོས་ཅིག་ནང་ ང་བཅས་རའི་ ན་གཞོན་དང་ རྒན་རྒས་ཚུ་ གྲོང་གཡུས་ལས་ ཁྲོམ་སྡེ་ནང་ གནས་སྤོ་འོང་སྟེ་ གཡུས་ཚན་ཚུ་ནང་ གུང་སྟོང་ཐོན་པའི་ དཀའ་ངལ་དང་ ས་ཞིང་ཚུ་ ནགས་ཚལ་ལུ་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་ གདོང་ལེན་བྱུང་སྟེ་ཡོད་པའི་ ནམ་དུས་ལུ་ སོ་ནམ་གྱི་ ཐོན་སྐྱེད་ཡར་སེང་དང་ རང་འཚོ་རང་ལྡང་བཟོ་ནི་གི་ དམིགས་དོན་ཚུ་ ག་དེ་སྦེ་ འགྲུབ་ཚུགས་ནི་ཨིན་ན?
དམིགས་ཡུལ་དེ་ཚུ་ འགྲུབ་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ སོ་ནམ་འཕྲུལ་ཆས་དང་ ཞིང་རྨོ་འཕྲུལ་ལ་སོགས་པ་ཚུ་ མཁོ་སྤྲོད་འབད་བཞིན་དུ་ཡོདཔ་མ་ཚད་ སྒོ་ནོར་གསོ་སྐྱོང་ཁང་དང་ བྱ་གསོ་སྐྱོང་ཁང་ ཕགཔ་གསོ་སྐྱོང་ཁང་ དེ་ལས་ སྒོ་ནོར་ཐོན་སྐྱེད་ལས་འགུལ་ལ་སོགས་པ་ གཞི་བཙུགས་ཀྱི་དོན་ལུ་ སྐྱེད་ཆུང་བའི་ སོ་ནམ་སྐྱིན་འགྲུལ་ལས་འཆར་ཚུ་ཡང་ འགོ་བཙུགས་ཏེ་འདུག།
གྲོང་གཡུས་ཚུ་ནང་ སོ་ནམ་གྱི་ ལཱ་འབད་མི་ ལས་མིའི་དཀའ་ངལ་ཐོན་པའི་ ནམ་དུས་ལུ་ ཞིང་རྨོ་འཕྲུལ་དང་ འཕྲུས་ཆས་ལག་ལེན་ཐོག་ ལྕང་ལཱ་རྐྱབ་ནི་ འབྱ་རྔ་འཕྲུལ་ རེད་བརྡུང་འཕྲུལ་ འབྱ་སྲིབ་དང་ གེ་ཟ་སྲིབ་བརྡུང་འཕྲུལ་ལ་སོགས་པ་ཚུ་གིས་ སོ་ནམ་ཚུ་ལུ་ ཕན་ཁྱད་སྦོམ་བྱུང་སྟེ་འདུག།
ད་ཚུན་གྱི་བར་ན་ ཞིང་རྨོ་འཕྲུལ་ཚུ་ གཞུང་ལས་ ཕག་ཆག་གནང་ཐོག་ལས་ ལྕོགས་གྲུབ་ཡོད་མི་ཚུ་གིས་ མཁོ་སྒྲུབ་འབད་དེ་ ལག་ལེན་འཐབ་ཨིན་རུང་ མཁོ་སྒྲུབ་འབད་མ་ཚུགས་མི་ཚུ་གིས་ གླ་ཁར་ལེན་ཐོག་ལས་ སོ་ནམ་གྱི་ ལཱ་འབདཝ་ཨིན་མས།
དེ་གིས་མ་དོ་བར་ ད་རེས་ནངས་པར་ སྤ་རོ་སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ ཀེ་བ་བརྐོ་འཕྲུལ་གསརཔ་ བཟོ་མི་དེ་གིས་ ཀེ་བ་འཛུགས་སྐྱོང་འབད་མི་ཚུ་ལུ་ ཕན་ཐོགས་སྦོམ་ འབྱུང་ནི་ཨིན་མས།
འདི་འབདཝ་ད་ འཚོ་བ་སོ་ནམ་ལུ་བརྟེན་སྡོད་མི་ སོ་ནམ་མང་ཤོས་ཅིག་གིས་ར་ སོ་ནམ་འཕྲུལ་ཆས་ཚུ་ཉོ་སྟེ་ ལག་ལེན་འཐབ་ནི་གི་ ལྕོགས་གྲུབ་མེདཔ་མ་ཚད་ སོ་ནམ་གྱི་ ལཱ་འབད་མི་ཡང་ གངམ་མེདཔ་ལས་ གཞུང་ལས་ རྒྱབ་སྐྱོར་མ་གནང་པ་ཅིན་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ཚུགས་པར་ ལཱ་ཁག་གཏང་འོང་།
འབྲུག་རྒྱལ་ཁབ་ཀྱི་ ས་ཆ་ཡོངས་བསྡོམས་ལས་ བརྒྱ་ཆ་༧.༥༠ དེ་ཅིག་མ་གཏོགས་ བཟའ་སྤྱོད་འབད་བཏུབ་མེད་རུང་ བཟའ་སྤྱོད་འབད་བཏུབ་མི་དེ་ ང་བཅས་ཀྱིས་ བརྒྱ་ཆ་ཧྲིལ་བུ་གཡོག་བཀོལ་ནིའི་དོན་ལས་ ཞིང་རྨོ་འཕྲུལ་ལ་སོགས་པའི་ སོ་ནམ་འཕྲུལ་ཆས་ཚུ་ གཞུང་ལས་ ཕབ་ཆག་གནང་སྟེ་ སྐྱིད་སྡུག་གི་ གོང་ཚད་ཐོག་ལུ་ ཉོ་ནི་གི་ གོ་སྐབས་གནང་པ་ཅིན་ སོ་ནམ་ཚུ་གིས་ ལྷག་པར་དུ་ སོ་ནམ་གྱི་ ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་ཡང་འགྲུབ་ཚུགས།
འདི་དང་གཅིག་ཁར་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་ནང་ཡང་ གཞུང་ལས་ རྒྱབ་སྐྱོར་འབད་དགོཔ་དེ་ཁག་ཆེ།