ཉིན་གྲངས་༢ འབད་མི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ སོ་ནམ་ཞིང་པ་ཚུ།

སོ་ནམ་པ་ཚུ་ལུ་ རང་བཞིན་གྱིས་ འཚོ་བཏུབ་པའི་ སོ་ནམ་ཐོན་སྐྱེད་ཀྱི་ སྦྱོང་བརྡར་བྱིན་ཡོདཔ།

༉ གསར་སྤང་ ཆུ་འཛོམས་རྒེད་འོག་གི་ སོ་ནམ་པ་ཚུ་ལུ་ རང་བཞིན་གྱིས་ འཚོ་བཏུབ་པའི་ ཞིང་ལཱ་འབད་ནིའི་ རིག་རྩལ་ཚུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
ཆུ་འཛོམས་དེ་ གསར་སྤང་རྫོང་ཁག་གི་ མཐའ་ཟུར་གྱི་ རྒེད་འོག་ཅིག་ཨིན་པའི་ཁར་ སྤྱིར་བཏང་ སོ་ནམ་པ་ཚུ་གིས་ དངུལ་ཐོག་ཨ་ལཱན་ཅི་ལུ་ གཙོ་བོར་བཏོན་དོ་ཡོད་མི་ལུ་བརྟེན་ ལ་ལོ་ཅིག་གིས་ ཚོད་བསྲེ་ལྡུམ་ར་ཚུ་ཡང་ ཨ་ལཱན་ཅི་གི་ ལྡུམ་ར་སྦེ་ བཟོཝ་ཨིན་པས།
སོ་ནམ་པ་ཚུ་གིས་ སྒེར་དོན་དང་ ཕྱིར་ཚོང་གི་དོན་ལུ་ ད་རེས་ནངས་པར་ ཚོད་བསྲེ་ལྡུམ་ར་ཚུ་ཡང་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
འདས་པའི་ལོ་༡ གི་ ནང་འཁོད་ལུ་ རྒེད་འོག་གི་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ལྡུམ་ར་ཚུ་ རྒྱ་ཆེཝ་སྦེ་ར་ དངུལ་ཐོག་གི་དོན་ལུ་ འབད་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
གཡུས་མི་ བིཤ་ནུ་ལཱལ་བ་ཊ་རི་གིས་ སླབ་མིའི་ནང་ ཁོ་གིས་ དགེ་ལེགས་ཕུག་གི་ ས་མཚམས་ལས་ ཚོད་བསྲེ་ནང་འདྲེན་འབདཝ་ད་ ལོ་༡ ནང་ དངུལ་ཀྲམ་༢༠,༠༠༠ དེ་ཅིག་ ཟད་འགྲོ་བཏང་དོ་ཟེར་ཨིན་པས།
རྫོང་ཁག་དང་ རྒེད་འོག་སོ་ནམ་འགོ་དཔོན་ཚུ་གིས་ སེམས་ཤུགས་བསྐྱེད་བཅུག་མི་ལུ་བརྟེན་ ཁོ་གིས་ འདས་པའི་ལོ་ནང་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་གི་རྩིས་ ཚོད་བསྲེ་ཚོང་འབྲེལ་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ ཚོད་བསྲེ་ཚོང་འབྲེལ་འཐབ་སྟེ་ མ་དངུལ་བཟོ་ནི་དེ་ འགོ་དང་པ་ཨིན་ཟེར་ཨིནམ་ད་ འདས་པའི་ལོ་ནང་ ཚོད་བསྲེ་འཛུགས་སྐྱོང་སྐབས་ ཟད་འགྲོ་བཏང་མི་ལས་ལྷག་སྟེ་ ཁེ་སང་ཐོབ་ཅི་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ རང་བཞིན་གྱིས་ འཚོ་བཏུབ་པའི་ སོ་ནམ་ཞིང་ལཱ་རིག་རྩལ་སྦྱོང་བརྡར་དེ་གིས་ མི་སེར་ཚུ་ལུ་ ཡོན་ཏན་ཐེབས་ཐོབ་ཅི་ཟེར་ཨིན་པས།
ས་མཚམས་ལས་ ཐོབ་མིའི་གཡུར་མ་སྨན་དེ་གིས་ ས་ཞིང་ཚུ་ བཅུད་མེདཔ་བཟོ་དོ་ཡོད་པའི་ ཤེས་ཡོན་ཚུ་ཡང་ སྦྱོང་བརྡར་འདི་ལུ་བརྟེན་ ཧ་གོ་ཡི་ཟེར་ བཤདཔ་ཨིན་པས།
ཆུ་འཛོམས་ལས་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ ཚོད་བསྲེ་དང་ ལོ་ཐོག་ཚུ་ནང་ རྫས་སྦྱོར་ཅན་གྱི་ལུད་དང་ འབུབ་སྨན་ཚུ་ ལག་ལེན་འཐབ་ནི་མེད་རུང་ འབྱ་ནང་ལག་ལེན་འཐབ་མིའི་ གཡུར་མ་གི་སྨན་ཚུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
སྐྱེས་ལོ་༤༢ ལང་མི་ སོ་ནམ་པ་ གོ་ལེ་ས་ནུ་རའི་གིས་ སླབ་མིའི་ནང་ སྦྱོང་བརྡར་གྱི་སྐབས་ལུ་ ཚོད་བསྲེ་ཚུ་ནང་ འབུབ་སྨན་གྱི་ཚབ་ལུ་ ནོར་གྱི་ཨ་བ་དང་ ཆབ་གསང་བསྡུསཔ་ དེ་ལས་ སྐྱ་སྒོགཔ་ཚུ་ ལག་ལེན་འཐབ་བཏུབ་པའི་སྐོར་ལས་ ཡོན་ཏན་གསརཔ་ ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ འཕྲལ་ཁམས་ཅིག་ཁར་ དངུལ་ཀྲམ་༡༥,༠༠༠ དེ་ཅིག་གི་ ཚོད་བསྲེ་བཙོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོད་བསྲེ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་སའི་ ཁྲོམ་ལེགས་ཤོམ་ཅིག་མེདཔ་ལས་ ཚོད་བསྲེ་ཚུ་ ཉེ་འདབས་ལུ་ཡོད་པའི་ སློབ་གྲྭ་དང་ སློབ་དཔོན་ཚུ་ལུ་རྐྱངམ་གཅིག་ བཙོང་དོ་ཟེར་ཨིན་པས།
ཁོང་སོ་ནམ་པ་༡༣༧ དེ་ཅིག་གིས་ ཉིནམ་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ཡོདཔ་ད་ སྦྱོང་བརྡར་ལས་རིམ་འགོ་འདྲེན་པ་ པདྨ་བཟང་མོ་གིས་ སླབ་མིའི་ནང་ འདི་བཟུམ་གྱི་ལས་རིམ་དེ་ ད་ལྟོ་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ངོས་འཛིན་འབད་དེ་ སྦྱོང་བརྡར་ཚུ་ བྱིན་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རང་བཞིན་གྱི་ ཐོན་སྐྱེད་ལག་ལེན་གྱི་ ལག་ཁྱེར་དང་ ངོས་འཛིན་འབད་ཞིནམ་ལས་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་བཙོང་སའི་ ཚོང་ཁྲོམ་ལེགས་ཤོམ་ཅིག་ འཐོབ་ཚུགསཔ་བཟོ་ནི་ཨིན་པའི་གནས་ཚུལ།

ནིར་མ་ལ་དང་ པདྨ་རིན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *