༉ ས་ཁོངས་གཞན་ཚུ་ནང་ སྡོད་མི་ཚུ་གིས་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ལུ་ གདམ་ཁ་རྐྱབ་ཨིན་རུང་ གསར་སྤང་བསམ་གཏན་གླིང་ལུ་ སྡོད་མི་ཚུ་ལུ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་རིགས་མ་འདྲཝ་ལེ་ཤ་ཅིག་ར་ གདམ་ཁ་རྐྱབ་ནི་ཡོདཔ་ཨིན་པས།
ཚོད་བསྲེ་དེ་ཚུ་ལུ་ རྫས་སྦྱོར་ལག་ལེན་འཐབ་འཐབ་མེད་པའི་ཁར་ གོང་ཚད་ཡང་ ཁེ་ཏོག་ཏོ་སྦེ་ ཐོབ་ཚུགསཔ་ཨིན་པས།
སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ལས་ སོ་ནམ་ཞིང་པ་ལུ་གྱུར་མི་ དི་པཱག་ཆེ་ཏི་རི་གིས་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ ལོ་༤ ལང་ཡོདཔ་ད་ ཚོད་བསྲེ་ཚུ་ཡང་ གནམ་བྱཱར་གྱི་ ཆར་ཆུ་ཚུ་ལས་ ལོ་ཐོག་ཉེན་སྐྱོབ་འབད་ནིའི་དོན་ལུ་ གྱིབ་ཤོག་བཀབ་སྟེ་བཟོ་མི་ཚུ་ནང་ འཛུགས་སྐྱོང་འབད་དེ་ཡོདཔ་ལས་ གནམ་བྱཱར་དགུན་མེད་པར་ སྐྱེཝ་ཨིན་པས།
སྐྱེས་ལོ་༤༡ ལང་མི་ དི་པཱག་ཆེ་ཏི་རི་གི་ ཚོད་བསྲེ་ཚུ་གི་གྲས་ལས་ གོང་ཚད་མཐོ་ཤོས་ར་ ཨེམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠༠ རེ་སྦེ་ བཙོང་མི་དེ་ཨིནམ་ད་ ཁོ་གིས་ ཨེ་མ་ཚུ་ ས་ཆ་ཨེ་ཀར་༡ གླར་སྤྱོད་འབད་མི་དེ་ནང་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ཁོ་གི་ ཁྱིམ་ཚང་ཚུ་གིས་ ཁོང་རའི་ས་ཞིང་ བཟའ་སྤྱོད་འབད་བཅུག་སྟེ་ ཞིང་སྟོང་མ་བཞག་མི་ལུ་ སེམས་དགའ་ནུག་ཟེར་ དི་པཱག་གིས་ སླབ་ཨིན་པས།
དི་པཱག་གི་ ཚོད་བསྲེ་ཚུ་ དབང་འདུས་དང་ ཐིམ་ཕུག་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ དེ་ཡང་ ཚོང་མགྲོན་པ་ཚུ་གིས་ ཁོ་གི་ཚོད་བསྲེ་ཚུ་ འགྲུལ་འཕྲིན་གྱི་ བརྡ་འཕྲིན་ཐོག་ མཁོ་མངགས་འབད་དོ་ཡོདཔ་ཨིན་པས།
སོ་ནམ་གྱི་ ལཱ་འབད་ཐངས་ཡང་ ཁོ་ར་གིས་ ལྷབ་སྦྱང་འབད་དེ་ ཡུ་ཊུབ་ཡོངས་འབྲེལ་གྱི་ གློག་བརྙན་ཚུ་ལས་ རིག་རྩལ་ཐོབ་ཡོདཔ་ད་ ཁོ་རའི་ཚོད་བསྲེ་དང་ ཤ་མུ་འཛུགས་སྐྱོང་འབད་མི་ལས་ ན་ཧིང་ འོང་འབབ་དངུལ་ཀྲམ་ས་ཡ་༠.༡ ཐོབ་ནུག།
གསར་སྤང་སོ་ནམ་འགོ་དཔོན་ འཆི་མེད་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་དེ་ནང་ དི་པཱག་བཟུམ་མའི་ སོ་ནམ་པ་ དག་པ་ཅིག་ ཡོདཔ་བཞིན་དུ་ རྒེད་འོག་རེ་ནང་ མིག་དཔེ་ཅན་གྱི་ སོ་ནམ་པ་༤ དང་༥ དེ་ཅིག་ ཡར་དྲག་གཏང་ནི་གི་ མནོ་བསམ་ཡོད་ཟེར་ཨིན་པས།
ས་མཐོ་སར་ཡོད་མི་ འཇིགས་མེད་ཆོས་གླིང་དང་ ཆུ་འཛོམས་རྒེད་འོག་༢ མ་གཏོགས་ རྒེད་འོག་གཞན་༡༠ ནང་ ཚོད་བསྲེ་འཛུགས་སྐྱོང་རྒྱ་ཆེཝ་སྦེ་ འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས།
སོ་ནམ་ལྷན་ཁག་གིས་ དུས་ཅི་ ཚོད་བསྲེའི་ཐོན་སྐྱེད་ མེ་ཊིག་ཊཱོན་༦༥,༢༠༠ ལུ་ ཡར་སེང་འབད་ནི་གི་ འཅར་གཞི་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ ཐོན་སྐྱེད་དེ་ མེ་ཊིག་ཊཱོན་༤༣,༠༢༥ ཨིན་པས།
དི་པཱག་ཆེ་ཏི་རི་གིས་ གསར་སྤང་ལུ་ ཚོད་བསྲེ་ཞིང་བཟོ་ནིའི་ནང་ སོ་ནམ་པ་ན་གཞོན་༥ ལུ་ ཆ་རོགས་འབད་ཡོདཔ་ད་ རྫོང་ཁག་དང་ བསམ་གཏན་གླིང་ལུ་ ལུང་ཕྱོགས་སོ་ནམ་ཞིབ་འཚོལ་ལྟེ་བའི་ འགོ་དཔོན་ཚུ་གིས་ དི་པཱག་ལུ་ རང་དབང་ཐོག་ མཐར་འཁྱོལ་བྱུང་མི་ སོ་ནམ་པ་ཨིན་ཟེར་ སླབ་ཨིན་པས།
དི་པཱག་གི་ ཚོད་བསྲེ་ཞིང་ནང་ དུས་ཅི་ལས་ མོ་དུ་ཕ་ལ་ འཛུགས་སྐྱོང་འབད་ཡོདཔ་ད་ ད་ལྟོ་ ཁོ་གི་ཞིང་ནང་ ཆུ་གོན་དང་ ཨེ་མ་ སྒོགཔ་ བླམ་བན་ད་ སྲནམ་ཅུམ་ལ་སོགས་པ་ འཛུགས་སྐྱོང་འབད་དེ་ཡོད་པའི་གནས་ཚུལ།

སྣུམ་འཁོར་ཊག་གི་ དེད་གཡོགཔ་ལས་ སོ་ནམ་པ་ལུ་གྱུར་མི་ དི་པཱག་ཆེ་ཏི་རི།