སོ་ནམ་དང་བཟའ་འཐུང་ཐོན་སྐྱེད་ཚུ་ གོང་འཕེལ་གྱི་ གྲོས་གཞི་གཙོ་བོ་ཅིག་སྦེ་ གནས་དགོཔ།

༉ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ ཐིམ་ཕུག་ལུ་སྦེ་ གསར་བཏོད་དང་ ཚན་རིག་ དེ་ལས་ མི་སྡེའི་དོན་ལུ་ བི་ལིས་ཟེར་མི་ འབྲུག་གི་གསལ་བཤད་ལས་རིམ་ འགོ་འབྱེད་སྐབས་ སོ་ནམ་ཞིབ་འཚོལ་གོང་འཕེལ་ལྟེ་བའི་ནང་ལས་ ཞིབ་འཚོལ་གཙོ་འཛིན་འགོ་དཔོན་ མཁས་དབང་ཡ་དུ་ནཱཐ་ བཱཇ་གའེ་གིས་ སྲིད་བྱུས་རྩམ་མི་དང་ འབྲེལ་ཡོད་ཁེ་གྱོང་ཡོད་མི་ཚུ་ལུ་ བཟའ་འཐུང་ཐོན་སྐྱེད་དང་ སོ་ནམ་༢ ནང་ བསྐྱར་བཟོ་དང་ལེགས་བསྒྱུར་འབད་ནིའི་དོན་ལུ་ གཙོ་རིམ་བཟུང་དགོ་པའི་ ཞུ་བ་འབད་ཡི།
ཁོ་གིས་བཤད་མིའི་ནང་ སོ་ནམ་དང་ཞིབ་འཚོལ་གོང་འཕེལ་ནང་ མི་སྟོབས་གོང་འཕེལ་དང་ བཟའ་འཐུང་ཐོན་སྐྱེད་ དེ་ལས་ ཚོང་འབྲེལ་དོན་ལུ་ འཕྲུལ་རིག་གོང་འཕེལ་གཏང་ནི་ཚུ་ གཙོ་རིམ་ཅན་ཨིནམ་ལས་ མ་རྩ་ལངམ་སྦེ་ བཙུགས་དགོཔ་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ ཞིབ་འཚོལ་དེ་ གོང་འཕེལ་གཏང་ནི་དང་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ གཙུག་སྡེ་དང་ གཞི་རྟེན་མཐུན་སྐྱེད་ཚུ་ བྱིན་དགོཔ་ད་ དེ་བཟུམ་སྦེ་ སོ་ནམ་དང་འབྲལ་བའི་ བཟོ་གྲྭ་གཞི་བཙུགས་འབད་ནི་དེ་ གཙོ་བོ་ཅིག་འབད་བརྩིས་ཏེ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་ནི་དང་ སོ་ནམ་གྱི་ལཱ་དེ་ ཚོང་ལཱ་ཅིག་སྦེ་ གོང་འཕེལ་གཏང་ཚུགས་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཆུམ་གྱི་རང་མགོ་རང་འདྲོངས་ བརྒྱ་ཆ་༤༧ ཨིན་རུང་ འདས་པའི་ལོ་ངོ་བཅུ་ཕྲག་༢ ནང་ རྒྱལ་ཁབ་ནང་ ཆུམ་མེ་ཊིག་ཊཱོན་༣༡,༣༠༠ དེ་ཅིག་ མ་ལང་པར་ཡོདཔ་ད་ དེ་གིས་ ལོ་རེ་ནང་ རྒྱལ་ཁབ་ཀྱི་ མི་རློབས་དཔྱ་༥ ལས་༡ གསོ་ཚུགས་ཟེར་ཨིན་པས།
མཁས་དབང་དང་འཁྲིལཝ་ད་ དེ་སྦེ་མར་བབས་་འགྱོ་མི་དེ་ ཞིང་ལཱ་འབད་བའི་ས་ཆ་དེ་ སྤྱི་ལོ་༡༩༨༡ ལུ་ ཧེག་ཊར་༢,༨༠༠ འབད་ས་ལས་ སྤྱི་ལོ་༢༠༡༧ ལུ་ ཧེག་ཊར་༢,༥༤༧ ལུ་ མར་བབས་སོང་ནི་དེ་གིས་ ཨིན་ཟེར་ཨིན་པས།
འབྱ་ཞིང་མང་ཤོས་ར་ བཟོ་སྐྲུན་ས་ཁོངས་དང་ ཁྲོམ་སྡེ་གོང་འཕེལ་ ཞིང་ཆུ་མ་ལང་པའི་དཀའ་ངལ་དང་ རི་དྭགས་སེམས་ཅན་གྱི་གནོད་པ་ དེ་ལས་ ཞིང་ལམ་མེད་མི་དང་ མི་སྟོབས་ལངམ་མེད་མི་ཚུ་ལུ་བརྟེན་ སྟོངམ་སྦེ་བཞག་ནུག་ཟེར་ གསལ་བཤད་སྐབས་ སྙན་ཞུ་འབད་ཡི།
མཁས་དབང་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ཐོན་ཁུངས་ཚུ་ནང་ ནུས་ཤུགས་ལེགས་ཤོམ་ཡོད་རུང་ ཚོ་ཏོ་མར་ཁུ་ རང་མགོ་རང་འདྲོངས་ བརྒྱ་ཆ་༣ རྐྱངམ་གཅིག་ཨིནམ་ལས་ མ་རྩ་གཞི་བཙུགས་འབད་ནི་དང་ བར་འཛུལ་འབད་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ དེ་སྦེ་ འབྱུང་དགོ་པའི་གནད་ཁུངས་ཅིག་ འཆར་གཞི་༥ པའི་སྐབས་ འཆར་དངུལ་བརྒྱ་ཆ་༢༣ ལས་ བརྒྱ་ཆ་༧ ལུ་ མར་བབས་སོང་ནི་དེ་གིས་ཨིནམ་ད་ དེ་ལུ་བརྟེན་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་ཐབས་འབད་ནིའི་ནང་ མར་ཉམས་སོང་ཡོད་པའི་ཁར་ བཟའ་སྤྱོད་ས་ཆ་མར་བབས་སོང་མི་དེ་གིས་ཡང་ ཨིན་ཟེར་ཨིན་པས།
ད་ལྟོ་ ང་བཅས་ལུ་ བཟའ་སྤྱོད་ས་ཞིང་བརྒྱ་ཆ་༣ ལས་ ཉུང་སུ་ཅིག་ཡོདཔ་ད་ མི་སེར་བརྒྱ་ཆ་༥༧ དེ་ཅིག་ བཟའ་འཐུང་གི་དོན་ལུ་ སོ་ནམ་ལུ་བརྟེན་སྡོད་དོ་ཡོདཔ་ལས་ གསལ་བཤད་པའི་ཁ་ཐུག་ལས་ སོ་ནམ་སྐྱེ་ལྡན་གནས་སྟངས་ སྣ་ཁག་བཟོ་དགོཔ་འདུག་ཟེར་ཨིན་པས།
མཁས་དབང་གིས་ བཟའ་སྤྱོད་ས་ཞིང་ མར་བབས་སོང་ཡོད་རུང་ ཆུམ་གྱི་ཐོན་སྐྱེད་དེ་ སྤྱི་ལོ་༡༩༨༡ ལུ་ ཧེག་ཊར་རེ་ལས་ ཊཱོན་༢.༡ ཐོན་མི་དེ་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༢.༤ སྦེ་ ལོག་ལྟབ་ཡར་སེང་སོང་ཡོདཔ་ད་ དེ་ཡང་ གོང་འཕེལ་གསར་བཏོད་མ་འདྲཝ་དང་ ཐོན་སྐྱེད་གོང་འཕེལ་ དེ་ལས་ འཛིན་སྐྱོང་ལེགས་ཤོམ་ཡོད་ནི་དེ་གིས་ཨིན་པས།
གསལ་བཤདཔ་དང་འཁྲིལཝ་ད་ ཐོན་སྐྱེད་ཡར་སེང་སོང་མི་དེ་ གཅིག་ འཆར་གཞི་༡༡ པའི་ནང་ ཞིང་ཆུའི་གཡུར་བ་ ཀི་ལོ་མི་ཊར་༡,༧༡༨ བཟོ་སྐྲུན་འབད་མི་དང་ འཕྲུལ་གླང་པ་ཝར་ཊི་ལར་༡,༢༠༠ བགོ་བཀྲམ་འབད་མི་ སོ་ནམ་ཞིང་ལམ་ཀི་ལོ་མི་ཊར་༡༨,༦༩༡ བསལ་མི་ དེ་ལས་ གློག་ཐག་ར་བ་ བསྒོར་བྱིན་ནི་དེ་གིས་ཨིནམ་སྦེ་ སླབ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *