སོ་ནམ་གྱི་དོན་ལུ་ ཟད་འགྲོ་གཏང་དགོཔ།

༉ ད་རེས་ནངས་པར་ སོ་ནམ་གྱི་སྡེ་ཚན་ནང་ བརྩོན་ཤུགས་དང་ གཙོ་རིམ་བཟུང་དོ་ཡོད་པའི་ གྲུབ་འབྲས་དག་པ་ཅིག་ མཐོང་གསལ་བྱུངམ་ད་ ང་བཅས་ལུ་ བློ་བདེ་བའི་ གཞི་གནད་ཅིག་ལུ་ཨིན་མས།
དེ་ཡང་ རྒྱལ་ཁབ་ཀྱི་ དམིགས་ཡུལ་གཙོ་བོ་ཅིག་ ང་བཅས་རའི་ མི་འབོར་བརྒྱ་ཆ་༧༠ ལྷགཔ་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་ སྡོད་མི་ཨིནམ་ལས་ སོ་ནམ་གོང་འཕེལ་གཏང་ནི་འདི་ཨིནམ་ད་ འབྲུག་འདི་ སྐོབས་ཚུད་རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་མ་ཚད་ མི་རློབས་ཡང་གངམ་མེདཔ་ལས་ བཟའ་འཐུང་གི་ཐད་ལུ་ རང་མགོ་རང་འདྲོངས་དང་ ཉེན་སྲུང་ཅན་ བཟོ་ནི་དེ་ ག་ནི་བ་ གལ་ཆེཝ་སྦེ་ ལོ་ལྔའི་འཆར་གཞི་འགོ་བཙུགས་པའི་ ནམ་དུས་ལས་ར་ གཙོ་རིམ་བཟུང་སྟེ་ཡོདཔ་ཨིན།
ཨིན་རུང་ ད་ཚུན་གྱི་བར་ན་ སོ་ནམ་གོང་འཕེལ་རྒྱ་ཆེཝ་སྦེ་ བཏང་མ་ཚུགས་པར་ཡོདཔ་ལས་ ང་བཅས་ཀྱིས་ སྡེ་ཚན་དེ་ནང་ ཟད་འགྲོ་གཏང་དགོཔ་དེ་ ཁག་ཆེཝ་སྦེ་མཐོངམ་མས།
ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པར་ གྲོང་གཡུས་ཚུ་ནང་ སོ་ནམ་གྱི་ ལཱ་འབད་མི་ཚུ་ལུ་ ཞིང་ཆུ་ལངམ་མེད་པའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ ལོ་གཅིག་བ་ལོ་གཅིག་ ལོ་ཐོག་ལུ་ གནོདཔ་བཀལ་མི་ མང་སུ་ཐོན་མི་ལུ་བརྟེན་ ཞིང་ལཱ་འབད་མི་ མར་འབབ་འགྱོ་དོ་ཡོདཔ་ལས་ དེ་གིས་ ཐོན་སྐྱེད་ལུ་ཡང་ ཐོ་ཕོགཔ་ཨིན་མས།
དེ་མ་ཚད་ གཡུས་ཚན་ཚུ་ནང་ གུང་སྟོང་གི་ དཀའ་ངལ་ལུ་བརྟེན་ ས་ཞིང་ཚུ་ ཚལ་མ་ལུ་ གྱུར་དོ་ཡོདཔ་མ་ཚད་ ད་རེས་ནངས་པར་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ ཁྲོམ་སྡེ་ཚུ་ནང་ ལཱ་གཡོག་འཚོལ་བར་ འོང་མི་དེ་ཡང་ གཡུས་སྒོ་ཚུ་ནང་ སོ་ནམ་གྱི་ལས་སྣ་ཚུ་ མཐར་འཁྱོལ་མ་བྱུང་ནི་དེ་གིས་ཨིན།
ང་བཅས་ཀྱིས་ སོ་ནམ་གྱི་དོན་ལུ་ ཟད་འགྲོ་གཏང་པ་ཅིན་ ཁེ་སང་ཅན་གྱི་ ཚོང་འབྲེལ་ལས་དོན་ཅིག་ལུ་ འགྱུར་ནི་གི་ འོས་འབབ་ཡོད་པའི་ཁར་ འབྲུག་མི་ཚུ་གི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ བཟོ་ཚུགས་ནི་ཨིནམ་ད་ མཐའན་མཇུག་ལུ་ སོ་ནམ་ལུ་བརྟེན་ མི་སེར་ཚུ་ གྲོང་གཡུས་ལས་ ཁྲོམ་སྡེ་ཚུ་ནང་ གནས་སྤོ་འགྱོ་ནི་ཚུ་ བཀག་ཚུགས་ནི་གི་ འོས་འབབ་ཡོདཔ་ཨིན།
དམིགས་དོན་དེ་ཚུ་ འགྲུབ་ནིའི་དོན་ལུ་ གཞུང་གིས་ སོ་ནམ་ཞིང་པ་ཚུ་ལུ་ ཞིང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་དང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་བའི་ དཀའ་ངལ་སེལ་ཐབས་འབད་ནི་ དེ་ལས་ སྐྱིན་འགྲུལ་ལ་སོགས་པའི་ མཐུན་རྐྱེན་ཚུ་ འཐོབ་ཚུགསཔ་བཟོ་དགོ།
མ་དངུལ་གྱི་ རྒྱབ་སྐྱོར་དང་ ཕབ་ཆག་ཚུ་ གཞུང་ལས་ མ་གནང་པ་ཅིན་ སོ་ནམ་པ་ཚུ་གིས་ ཚོང་འབྲེལ་གྱི་དོན་ལུ་ སོ་ནམ་གྱི་ལས་སྣ་ཚུ་ རྒྱ་ཆེཝ་སྦེ་ འབད་མི་ཚུགས། འདི་དང་གཅིག་ཁར་ སོ་ནམ་གྱི་ཐོན་སྐྱེད་ ཚོང་འབྲེལ་འཐབ་སའི་ ས་གོ་ཚུ་ཡང་ ངོས་འཛིན་འབད་ནི་དེ་ཡང་གལ་ཆེ།
ད་ཚུན་གྱི་བར་ན་ སོ་ནམ་ལྷན་ཁག་གིས་ མོ་བཏབ་ཐོག་ལས་ འགོ་བཙུགས་མི་ ལས་སྣ་དག་པ་ཅིག་ མཐར་འཁྱོལ་བྱུང་པའི་ བརྡ་མཚོན་བྱུང་མི་དེ་ཡང་ དཔེར་ན་ དུས་ཅིའི་ལོ་སྔ་ཆ་ལུ་ གསར་སྤང་ལུ་ ཚོང་འབྲེལ་གྱི་དོན་ལས་ གནམ་སེར་ཁ་ལུ་ འབྱ་འཛུགས་སྐྱོང་འབད་མི་དེ་གིས་ རེད་མེ་ཊིག་ཊཱན་༧༧ ལྷགཔ་ཅིག་ ཐོན་སྐྱེད་འབད་ཡོདཔ་བཞིན་དུ་ ལྷན་ཁག་གིས་ ལོ་༡ ནང་་འབྱ་ལཱ་ཚར་གསུམ་རྐྱབ་ནི་གི་ འཆར་གཞི་བརྩམས་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
གལ་སྲིད་ མོ་བཏབ་ལས་རིམ་དེ་ མཐར་འཁྱོལ་བྱུང་པ་ཅིན་ འབྲུག་རྒྱལ་ཁབ་ནང་ བཟའ་སྤྱོད་རང་ལྡང་བཟོ་ནི་ལུ་ ལྷན་ཐབས་འབྱུང་ནི་དང་ ཆུམ་རིགས་ཚུ་ ནང་འདྲེན་འབད་ནི་དེ་ མར་ཕབ་འབད་ཚུགས་ནི་མས།
དེ་བཟུམ་སྦེ་ པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་དང་ བདེ་ཆེན་གླིང་ གདུང་སྨད་ ཕྱི་མུང་རྒེད་འོག་༤ ནང་ ཚོང་འབྲེལ་གྱི་དོན་ལུ་ ཨེ་མ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ལས་ སོ་ནམ་ལྷག་ཁག་གི་ ཁ་ཐུག་ལས་འབད་རུང་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་ག་ཅི་ར་དགོཔ་ཡོད་རུང་ ཆ་རོགས་དང་ མཉམ་འབྲེལ་འབད་དགོ། ང་བཅས་རའི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་འཇམ་ཏོང་ཏོ་སྦེ་འཐབ་ཚུགསཔ་ བཟོ་བ་ཅིན་ ས་མཚམས་ཀྱི་ཕྱི་ཁ་ལས་ ཨེ་མ་ནང་འདྲེན་འབད་དགོཔ་མི་འཐོན།
གལ་སྲིད་ འབྲུག་ལུ་ སོ་ནམ་དེ་ བརྟན་ཏོག་ཏོ་དང་ ཁེ་སང་ཅན་གྱི་ ལས་སྣ་ཅིག་སྦེ་ བཟོ་ཚུགས་པ་ཅིན་ ང་བཅས་རའི་ ན་གཞོན་ཚུ་གིས་ གཡུས་ཁ་ལུ་ འགྱོ་ནི་གི་ སྤྲོ་བ་བསྐྱེད་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *