༉ ཁ་ཙ་ རྒྱལ་བ་ལྷ་ལས་འབབ་པའི་དུས་ཆེན་ ཁྱད་པར་ཅན་དང་འབྲེལ་ དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་གིས་ སེམས་རྟོགས་ཁ་རྫོང་ནང་ འཛམ་གླིང་དཀར་ཟས་ཀྱི་ཟླཝ་ བརྩི་སྲུང་འབད་ཡི།
དེ་ཡང་ ཐིམ་ཕུག་ལུ་ཡོད་པའི་ དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་གི་འཐུས་མི་༣༥ ལྷགཔ་ཅིག་གིས་ སྟོན་པའི་སྐུ་འདྲའི་གདོང་ཁར་ དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ བསྔོ་བ་སྨོན་ལམ་ཚུ་ ཞུ་ཡི།
སྐྱེས་ལོ་༤༠ ལང་མི་ དཔལ་དབྱངས་སྐྱིད་ཀྱིས་ སླབ་མིའི་ནང་ འཛམ་གླིང་དཀར་ཟས་ཀྱི་ཟླཝ་དེ་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ བརྩི་སྲུང་འབད་དགོཔ་ཨིན་རུང་ བཙག་འཐུ་དང་ ཁ་ཐུག་རྐྱབ་ནི་དེ་གིས་ འབད་མ་ཚུགས་ཟེར་ཨིན་པས།
དེ་སྦེ་ བརྩི་སྲུང་འབད་དགོ་མི་དེ་ཡང་ སེམས་ཅན་ཚུ་ལུ་ ཞི་བདེ་སྤྲོད་ཐབས་ལུ་དམིགས་ཏེ་ དཀར་ཟས་ཀྱི་ཕན་པ་དང་ དམར་ཟས་ཀྱིས་གནོད་པའི་ གོ་བརྡ་སྤྲོད་ཐབས་ལུ་ཨིན་པས།
སྡེ་ཚན་གྱི་འཐུས་མི་ སྐྱེས་ལོ་༦༠ ལང་མི་ བདེ་ཆེན་ནོར་བུ་གིས་ སླབ་མིའི་ནང་ ཧེ་མ་ དམར་ཟས་ལུ་ ལོངས་སྤྱོད་མི་ཅིག་ཨིན་རུང་ སྤྱི་ལོ་༢༠༡༢ ལས་ སྤངས་ད་ཡི་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ ཤ་བཟའ་མི་མེད་པ་ཅིན་ སེམས་ཅན་བསད་མི་ཡང་ མི་འོང་ནི་མས་ཟེར་ཨིན་པས།
སྤ་རོ་ཟླ་བ་ཁ་ལས་ཨིན་མི་ བླམ་མཛེས་སྐོར་གྱིས་ སླབ་མིའི་ནང་ སྡེ་ཚན་ནང་འཛུལ་ཏེ་ དམར་ཟས་སྤང་དགོཔ་ཅིག་ མ་མཐོང་ཟེར་ཨིནམ་ད་ གཙོ་བོ་ར་ རང་གི་སེམས་ཨིནམ་ལས་ བཟའ་ཚང་ནང་མི་གཅིག་གིས་ ཤ་མ་བཟའ་བར་སྡོད་པ་ཅིན་ གཞན་མི་ཚུ་གིས་ཡང་ མི་བཟའ་ཟེར་ཨིན་པས།
སྡེ་ཚན་གྱི་འཐུས་མི་ ཀརྨ་སྒྲོལ་མ་གིས་ སླབ་མིའི་ནང་ མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་ཐོག་ལས་ བདུད་འགྲོ་རང་དབང་ཞི་བདེ་ ཚོགས་ཆུང་གི་ སྡེ་ཚན་ནང་ དམར་ཟས་ཀྱི་གནོད་པ་དང་ དཀར་ཟས་ཀྱི་ཕན་པའི་སྐོར་ལས་ མཁན་པོ་ཚུ་གིས་ གོ་བརྡ་སྤྲོད་ནི་ཡོདཔ་ལས་ མོ་ལུ་ཕན་ཐོགས་བྱུང་ཡི་ཟེར་ཨིནམ་ད་ སེམས་ཅན་ཚུ་ལུ་ རང་དབང་མ་བྱིན་པ་ཅིན་ རང་གི་དྲིན་ཅན་ཕམ་ལུ་ གཞི་བདེ་མ་བྱིནམ་དང་ ཅོག་འཐད་པས་ཟེར་ ཨིན་པས།
སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་མི་ དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་ནང་ འཐུས་མི་༦༠༠༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ འཛམ་གླིང་དཀར་ཟས་ཀྱི་ཟླཝ་དེ་ རྫོང་ཁག་༢༠ ནང་ བརྩི་སྲུང་འབད་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།